ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་༡༠་འཁོར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་༤་པའི་ཚེས་༡༤་ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་༧་དང་སྐར་མ་༤༩་ཡས་མས་སུ་ཡུལ་ཤུལ་ས་ཁུལ་དུ་ས་ཡོམ་འགུལ་ཚད་༧་དང་གྲངས་ཆུང་༡་ཅན་ཞིག་བརྒྱབ་སྟེ་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་དུས་གཅིག་ཏུ་ཤོར་ཡོད་་ཅིང་། དེ་རིང་ནི་ཡུལ་ཤུལ་ལ་ས་འགུལ་བརྒྱུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོར་མྱ་ངན་དང་མཆོད་འབུལ་སོགས་གང་འདྲ་བྱེད་ཀྱིན་ཡོད་མེད་ལ་བོད་ནང་གི་ས་གནས་དེའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འདི་ལྟར་བརྗོད་བྱུང་།

དེ་རིང་ནི་ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་༡༠་ཏག་ཏག་འཁོར་བའི་ཉིན་མོ་རེད། ད་ལོ་ཉེ་སྔོན་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་མི་རྣམས་འཛོམས་ནས་མྱ་ངན་དང་མཆོད་འབུལ་སོགས་མཉམ་ཚོགས་བྱེད་དུ་འཇུག་གི་མེད་པས་མང་ཚོགས་ཀྱིས་རང་ཁྱིམ་སོ་སོར་སྤུན་མཆེད་འདས་པོ་རྣམས་ཀྱི་ཆེད་དུ་མྱ་ངན་དང་རྗེས་དྲན། མཆོད་འབུལ་སོགས་བྱེད་བཞིན་ཡོད། དགོན་པའི་བླ་མ་དང་གྲྭ་བ་རྣམས་གདན་འདྲེན་ཞུས་ནས་བསྔོ་སྨབ་དང་སྨོན་ལམ་གསུང་རྒྱུའི་བྱེད་སྒོ་ཙམ་ཡང་སྤེལ་ཆོག་གི་མི་འདུག དེར་བརྟེན་ལོ་འདིར་རྒྱལ་ཁབ་ཀྱི་བཀའ་དང་ནད་ཡམས་ཀྱི་འཇིགས་དངངངས་ཀྱིས་མྱ་ངན་དང་དུས་དྲན་རྒྱ་ཆེན་པོ་ཞིག་ཚོགས་ཐུབ་མ་སོང་ཞེས་བརྗོད་བྱུང་།

དེང་སྐབས་བོད་ནང་ཁུལ་དུ་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲྭ་བ་རྒྱ་སྐད་དུ་ཝི་པོ་དང་མགྱོགས་འཕྲིན། ངོ་དེབ་དང་སྐད་འཕྲིན་བཅས་ཀྱི་བརྒྱུད་ལམ་་ཁག་ཏུ་མི་མང་པོ་ཞིག་གིས་བཞི་གཅིག་བཞི་ཞེས་ཚེས་གྲངས་བཀོད་པ་དང་མྱང་ངན་གྱི་པར་རིས་འདྲ་མིན་སྣ་ཚོགས་བཟོ་སྒྲིག་བྱས་ནས་རང་རང་གི་དྲྭ་བའི་རྒྱབས་ལྗོངས་སུ་བཞག་སྟེ་ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་༡༠་འཁོར་བར་མྱ་ངན་དང་རྗེས་དྲན་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པར་མ་ཟད་། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་རྩོམ་རིག་ལ་དགའ་མཁན་མང་པོ་ཞིག་གིས་ཀྱང་མྱ་ངན་དང་རྗེས་དྲན་གྱི་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག

གཞན་ཡང་གནས་ཚུལ་མཁོ་སྤྲོད་པའི་བརྗོད་དོན་ལྟར་ན། ད་ལྟའི་འཆར་རྒྱ་ནག་ནས་རྒྱ་མི་ལས་ཀ་བྱེད་མཁན་མང་པོ་ཞིག་ཡུལ་ཤུལ་ལ་ཡོང་དང་ཡོང་བཞིན་འདུག བོད་པ་མང་ཚོགས་ལ་ཏོག་དབྱིབས་ནད་་དུག་བགོ་ཉེན་ཆེན་པོ་ཡོད་པས་མང་ཚོགས་ཀྱིས་དེ་ལ་སེམས་ཁྲལ་བྱེད་བཞིན་ཡོད་ཅིང་། དེ་སྔ་ས་འགུལ་བྱུང་བའི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་མི་མང་པོའི་དངུལ་དངོས་ཕོན་ཆེན་བཏང་ནས་ཡུལ་ཤུལ་ལ་རོགས་རམ་གནང་བ་རེད། ཕྱིས་སུ་རྒྱལ་ཁབ་ཀྱིས་བསྐྱར་དུ་འཛུགས་སྐྲུན་ལས་གཞི་སྤེལ་ནས་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཐེབས་ཡོད། ས་ཆ་དང་མི་ཤི་བའི་གྱོང་གསབ་དངུལ་སྒོར་ཆ་ཚང་ཞིག་ད་དུང་ཡང་མང་ཚོགས་ཀྱི་ལག་དུ་རག་མེད་པའི་བསམ་ཚུལ་བཤད་མཁན་ཡང་ཡོང་གི་འདུག དེ་ནི་སྐབས་དུས་སོ་སོར་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་དཔོན་རིགས་ཚོའི་བྱ་བ་སྒྲུབ་སྟངས་ལ་རག་ལས་ཡོད་པ་ཞིག་རེད་ཅེས་འགྲེལ་བཤད་གནང་སོང་།

XS
SM
MD
LG