ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གིས་སྔར་ལས་སྲིད་དབང་གཅིག་ཏུ་བསྡུ་རྒྱུའི་ཤུགས་སྣོན། 


༄༅།། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་ཕྱོགས་ནི་ལུས་པོས་ལག་པར་སྟངས་འཛིན་དང་ལག་པས་མཛུབ་མོར་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟར་བསྒྲུབ་དགོས་ཞེས་བསྒྲགས། དེ་ནི་གཞི་རིམ་གྱི་མདུན་སར་སྐྱོད་པའི་རྒྱ་གཞུང་གི་ལས་སྣེ་ཚོར་དབང་ཚད་ཅི་ཡང་མེད་པར་གཏོང་རྒྱུའི་དོན་དུ་གོ་དགོས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༢་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སྔོན་གཟའ་ཉི་མ་ནས་ཉིན་གསུམ་ལ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་དེ་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་མཇུག་བསྒྲིལ། ཞིས་ཅིན་ཕིང་གིས་གཞུང་གི་སྒྲིག་འཛུགས་ཁག་གི་སྒྲོམ་གཞིར་བསྐྱར་བཅོས་བྱ་རྒྱུའི་གྲོས་གཞི་བཏོན། གྲོས་གཞི་དེར་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ཁག་གི་ལེགས་བཅོས་འཆར་གཞི་ཞེས་མིང་བཏགས། འཆར་གཞི་དེའི་དམིགས་ཡུལ་ནི་གཞུང་གི་ལས་དོན་སྒྲུབ་ཕྱོགས་ཡར་རྒྱས་དང་སྤུས་དག་ཏུ་གཏོང་རྒྱུ། སྤྱི་ཚོགས་བདེ་འཇགས་ལ་འགན་ལེན་ཐུབ་པ་ཞིག་ཡིན་ཟེར། ཉམས་ཞིབ་པ་ཚོས་གྲོས་གཞི་དེ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་དང་རྒྱ་ནག་གི་སྲིད་དབང་སྔར་ལས་ལྷག་པའི་གཅིག་ཏུ་བསྡུ་རྒྱུའི་ཀུན་སློང་རེད་ཅེས་བཀྲལ། ༢༠༢༠་ལོའི་ཕྱི་ཟླ་༧་པའི་ནང་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་གཞུང་གི་སྒྲིག་འཛུགས་ཁག་ལ་དམར་ཤོག་ཚོགས་པས་འགོ་ཁྲིད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། རྒྱ་ནག་དམར་ཤོག་ཚོགས་པས་གྲོས་གཞི་བཏོན་པ་རྣམས་སྲིད་གཞུང་གིས་ལག་ལེན་བསྟར་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆུང་༣༢༠༠་བཙུགས་ཟིན་ཡོད་པ་དང་ལས་དོན་རུ་ཁག་༡༤༥༠༠༠་བཙུགས་ཡོད། རྒྱ་ནག་རྒྱལ་ཡོངས་ཀྱི་གཞི་རིམ་དུ་དམར་ཤོག་ཚོགས་པའི་རྩ་འཛུགས་ས་ཡ་༤་དང་འབུམ་༧་མ་ཟིན་ཙམ་ཞིག་བཙུགས་ཟིན། འཛམ་གླིང་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པ་ལས་དབང་ཚད་ཆེ་བའི་སྲིད་དོན་ཚོགས་པ་གཅིག་ཀྱང་མེད། དབང་ཚད་དེ་ཡོངས་སུ་ལག་ལེན་བསྟར་པར་ལུས་པོས་ལག་པ་དང་ལག་པས་མཛུབ་མོར་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟར་དམར་ཤོག་ཚོགས་པར་གཞུང་གི་སྒྲིག་འཛུགས་ཁག་ཏུ་སྲིད་ཇུས་ལག་བསྟར་གྱི་དབང་ཚད་སྤྲོད་དགོས་ཀྱི་འདུག་ཅེས་རྩོམ་ཡིག་བྲིས།།

ཨེ་ཤི་ཡའི་དུས་བབ་ཚོགས་པར་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ལུས་པོས་ལག་པ་དང་ལག་པས་མཛུབ་མོར་སྟངས་འཛིན་ཟེར་བའི་ཆབ་སྲིད་ཀྱི་ལྟ་གྲུབ་ནི་ཕྱི་ལོའི་སྔོན་གྱི་༢༠༠་ལོར་སྐྱེས་པའི་རྒྱ་ནག་གི་ཧན་རྒྱལ་རབས་ཀྱི་སྲིད་དོན་རིག་པའི་གཞུང་ལུགས་སྨྲ་བ་ཅ་དབྱི་ཞེས་པ་ཞིག་གིས་བཤད་པའི་སྐད་ཆ་ཞིག་ཡིན་འདུག ཅ་དབྱིས་དབུས་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཚད་རྣམས་གཅིག་ཏུ་སྡུས། སྐུ་དྲག་དང་ས་བདག་ཚོ་མཐའ་གཅིག་ཏུ་མགོ་བོ་གནོན་དགོས་ཞེས་བསྟན། ཞིས་ཅིན་ཕིང་གིས་ཅ་དབྱིའི་ལྟ་གྲུབ་ལྟར་༢༠༢༠་ལོར་བྲིས་པའི་རྩོམ་ཡིག་ཅིག་དབུས་དམར་ཤོག་སློབ་གྲྭའི་ཞིབ་འཇུག་དུས་དེབ་ཏུ་ཐེངས་གཅིག་ལ་བཏོན་པས་ག་ལ་ཚད། ༢༠༢༡་ལོའི་ཕྱི་ཟླ་༡༠་པའི་ནང་དུའང་རྩོམ་ཡིག་དེ་བསྐྱར་དུ་བཏོན་ཏེ་ཅ་དབྱིའི་ལྟ་གྲུབ་ལ་བསྔགས་བརྗོད་ཐོབ། ད་སྔ་ཞིས་ཅིན་ཕིང་གི་གྲོས་གཞི་དེའི་ཞིབ་ཕྲ་ཁག་མི་དམངས་ལ་ཕྱིར་བསྒྲགས་མ་བྱུང་། ཕྱི་ཟླ་༣་པའི་ཚེས་༥་ནས་འཚོགས་ཀྱི་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་གྲོས་གཞི་དེ་མཚམས་སྦྱོར་བྱ་ཞུ་རྒྱུ། ཉམས་ཞིབ་པ་ཚོས་གྲོས་གཞི་དེའི་ནང་དུ་གཞུང་གི་ལྷན་ཁང་ཁག་དང་ས་གནས་སྲིད་གཞུང་ཁག་གི་ལས་དོན་སྒྲུབ་ཕྱོགས་ཡར་རྒྱས་བཏང་སྟེ་རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་ཚན་རིག་དང་མཐུན་པའི་ཐག་གཅོད་བྱེད་པར་གཞུང་གི་ལྷན་ཁང་ཁག་དང་ས་གནས་སྲིད་གཞུང་ཁག་ལ་དམར་ཤོག་ཚོགས་པས་མཉམ་འབྲེལ་དང་འགོ་ཁྲིད་བྱ་དགོས་ཞེས་འཁོད་ཡོད་པའི་གནས་ཚུལ་ཐོན། གཟའ་འཁོར་འདིའི་ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་རྒྱ་ནག་གི་དཔལ་འབྱོར་སླར་གསོ་མགྱོགས་མྱུར་ངང་དུ་བྱེད་ཐུབ་ཀྱི་མེད་པ་དང་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་འཕོག་གི་འདུག ང་ཚོས་སྔོན་དཔག་མི་ཐུབ་པའི་གནས་ཚུལ་ཁག་ཅིག་འབྱུང་སྲིད་པས་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་འཐབ་རྩོད་ལ་གྲ་སྒྲིག་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ལ་དབང་བསྒྱུར་བྱ་རྒྱུ་དེ་བས་ཀྱང་གནད་འགག་ཆེ་རུ་ཕྱིན་ཡོད་ཅེས་འཁོད།

ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་ལ་སྐྲག་སྣང་ཡོང་དོན་གཙོ་བོ་ཞིག་ནི་སྔ་ལོའི་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ཏུ་ཤོག་དཀར་ལས་འགུལ་ལངས། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱ་དགོས། ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ། དེ་ནས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ཕྱིར་འཐེན་བྱས་ཏེ་མི་མང་འབུམ་ཕྲག་མང་པོར་ཏོག་དབྱིབས་ནད་དུག་འགོས་ནས་ཤི། ལོ་འདིའི་ཕྱི་ཟླ་དང་པོའི་རྒྱ་ནག་གི་ལོ་སར་སྐབས་སུ་ཝུ་ཧན་དང་ཏ་ལེན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་རྒན་རྒོན་ཚོར་སྨན་བཅོས་ཀྱི་རོགས་དངུལ་ཉུང་དུ་བཏང་སྟེ་སྐྲ་དཀར་ངོ་རྒོལ་ལས་འགུལ་ལངས། ༢༠༢༡་དང་༢༠༢༢་ལོར་རྒྱ་ནག་གི་ཧེང་ཏ་ས་ཁང་བཟོ་ཚོང་ཁང་མ་རྩ་བརྡིབས་ནས་མང་ཚོགས་ཀྱིས་ངོ་རྒོལ་རབ་དང་རིམ་པ་བྱུང་སོགས་ལ་འབྲེལ་བ་འདུག་ཅེས་གླེང་། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༨་ཉིན་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་ནང་དུ་ལེགས་བཅོས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འགྱུར་བཅོས་དང་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་འགྱུར་བཅོས། རྒྱ་ནག་གི་མངའ་ཐང་བསྐྱར་དར་གྱི་འཆར་གཞི། རྒྱ་ནག་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་འཆར་གཞི་རྣམས་རེད། འདས་པའི་ལོ་བཅུ་ཕྲག་བཞིའི་རིང་རྒྱ་ནག་དམར་ཤོག་ཚོགས་པར་ལེགས་བཅོས་ཐེངས་བཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲོམ་གཞིར་འགྱུར་བཅོས་ཐེངས་བརྒྱད་བཏང་འདུག ༡༩༨༢་ལོར་རྒྱ་ནག་ལ་བློན་ཆེན་རིམ་པའི་ལྷན་ཁང་༡༠༠་ཡས་མས་ཤིག་ཡོད་ཀྱང་༢༠༡༨་ལོར་རྒྱ་ནག་གི་ལྷན་ཁང་དེ་རྣམས་ཁུ་བསྡུས་བྱས་ནས་ལྷན་ཁང་༢༦་ལས་མེད་ཅིང་། ༢༠༡༨་ལོར་རྒྱ་ནག་གི་ཁྲོམ་རར་སྟངས་འཛིན་ལྷན་ཁང་དང་རྒྱལ་ཡོངས་འཕྲོད་བསྟེན་འགན་སྲུང་ལས་ཁུངས། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་བཅས་ལྷན་ཁང་ཁག་ཅིག་གསར་དུ་བཙུགས་ཏེ་ལྷན་ཁང་བྱེ་བྲག་པ་ཚོས་སེལ་མ་ཐུབ་པའི་དཀའ་ངལ་རྣམས་སེལ་བ་རེད་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༢་པའི་ཚེས་༢༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པ་དང་གཙོ་འཛིན་ཞིས་ཅིན་ཕིང་གི་ཁྲིམས་ལུགས་ལམ་སྟོན་གཙུག་ཏུ་བཀུར་དགོས། རྩ་ཁྲིམས་ཀྱིས་སྐྱོང་བའི་སྲིད་གཞུང་ཟེར་བ་དང་ཁྲིམས་ཁང་ལ་རང་བཙན་གྱི་དབང་ཚད་ཡོད་ཟེར་བའི་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་འགོག་རྒོལ་བྱ་དགོས་ཞེས་བཀོད་ཁྱབ་བཀྲམ། བཀོད་ཁྱབ་དེ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་མ་ཚོགས་སྔོན་གྱི་བདུན་ཕྲག་གཅིག་གི་གོང་དེར་ཕྱིར་བསྒྲགས་བྱས་ཤིང་། རྒྱ་གཞུང་གི་བཀོད་ཁྱབ་དེའི་ནང་དུ་ཉུང་མཐའ་ཡང་ཞིས་ཅིན་ཕིང་ཞེས་ཐེངས་༢༥་བཟློས། རྒྱ་ནག་གི་སློབ་ཆེན་ཁག་གི་སློབ་དཔོན་ཚོས་ནུབ་ཕྱོགས་ཀྱི་ལྟ་གྲུབ་བསླབས་ནས་བཟང་བསྟོད་བྱས་ན་སློབ་ཕྲུག་ཚོས་ངེས་པར་དུ་དགེ་རྒན་རྩིས་སྤྲོད་བྱ་དགོས་པའི་བཀོད་ཁྱབ་ཀྱང་བཏང་འདུག རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འཛམ་གླིང་ཡོངས་སུ་འདྲེས་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཤེས་ཡོན་སློབ་གསོར་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཁག་གི་ཤན་ཞུགས་ཕྲ་མོ་ཞིག་ཀྱང་ཐེབས་སུ་འཇུག་གི་མེད་པར་མ་ཟད། ཐ་ན་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་མཐུན་པ་ཞིག་ཏུ་བསྒྱུར་དགོས་པའི་བཀའ་ཕབ། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་རྣམས་བཙོན་དུ་བཅུག་པའམ། ཡང་ན་ཕྱི་རྒྱལ་ལ་རྒྱང་ཕུད་བཏང་སྟེ་ནུས་པ་མ་ཐོན། དེང་སྐབས་རྒྱ་ནག་མི་དམངས་ཀྱིས་དྲྭ་ལམ་དུ་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཐུང་རེ་བྲིས། རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་ན་སྲིད་དབང་འཛིན་དུ་འཇུག་གི་ཡོད་མོད། འོན་ཀྱང་ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་ཀྱི་མེད་པའི་མཚམས་སུ་བསླེབས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལོའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུའི་ཐོག་ཏུ་འགོ་ཁྲིད་གསར་པ་བཅུ་གྲངས་ཤིག་མཐོང་གི་རེད། ཁོ་ཚོའི་གྲས་སུ་ཧུ་ཅིན་ཐའོ་དང་སྲིད་བློན་ལི་ཁེ་ཆང་། སྲིད་བློན་གཞོན་པ་ཧུ་ཁྲུན་ཧྭ་སོགས་གུང་གཞོན་ཤོག་ཁག་གི་མི་གཅིག་ཀྱང་མེད་པར་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་པ་ཤ་སྟག་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་གསར་པ་དེ་ཚོར་འཇོན་ཐང་ཡོད་མེད་ལ་མི་བལྟ་བར་གཞུང་དྲང་བློ་དཀར་ཡིན་མིན་འབའ་ཞིག་ལ་བལྟས་ནས་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་དབྱང་ཏ་ལིས་རྒྱ་ནག་ལ་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་དཀའ་ངལ་དེ་ལས་ཆེ་བ་ཅི་ཡང་མི་འདུག རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོའི་ལས་འགན་ཨང་དང་པོ་ནི་དཔལ་འབྱོར་སླར་གསོ་དང་མི་མང་ལ་ལས་ཀ་བཀོད་སྒྲིག་བྱ་རྒྱུ་དེ་རེད་ཅེས་བཤད། ཧོང་ཀོང་གི་ཚན་རིག་དང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཏུང་ཀྲང་ནས་ཞིས་ཅིན་ཕིང་གིས་རང་གི་ཕྱོགས་གཏོགས་པ་འབའ་ཞིག་མཐོ་རིམ་འགོ་ཁྲིད་གྲས་སུ་བསྐོས་འདུག དེས་ན་ཞིས་ཅིན་ཕིང་གི་མ་ཤེས་པ་རྣམས་ལི་ཆང་སོགས་ཀྱི་ཁ་ལ་མཉན་ནས་ལག་ལེན་བསྟར་སྲིད། ཡིན་ནའང་དེ་ལ་སྐྱོན་ཞིག་ཡོད་པ་ནི་ལི་ཆང་སོགས་ཀྱིས་ཞིས་ཅིན་ཕིང་གི་ལྟ་ཚུལ་ལ་མཐུན་པ་དང་ཁོ་པའི་བློ་ལ་འབབ་པ་ཁོ་ན་སྙན་སེང་ཞུ་རྒྱུའི་ཉེན་ཁ་ཆེ་ཞེས་བཤད། མདོར་ན་ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་གཅིག་ཏུ་བསྡུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བློན་ཆེན་ལྷན་ཁང་ཁག རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ལ་༢༠༡༢་ཀྱི་སྔོན་ལས་ཀྱང་དབང་ཚད་ཆུང་དུ་གཏོང་རྒྱུའི་འཆར་འགོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG