ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༡༥

ཞིས་ཅིན་ཕིང་ལ་རྒྱ་ནག་ཕྱི་ནང་གཉིས་སུ་ཡིད་ཆེས་བརླགས། 


༄༅།། ཞིས་ཅིན་ཕིང་ནས་རྒྱ་ནག་གི་སྲིད་དབང་བཟུང་བའི་ལོ་བཅུ་ཕྲག་གཉིས་པ་དེ་འགོ་ཚུགས་ཀྱང་ཁོ་པར་རྒྱལ་ཁབ་ཕྱི་ནང་གཉིས་སུ་དཀའ་ངལ་སྣ་མང་ཞིག་འཕྲད་རྒྱུ་མགོ་བརྩམས། ལྷག་པར་དུ་རྒྱ་ནག་ནང་ཁུལ་དུ་མི་དམངས་རྣམས་ཞིས་ཅིན་ཕིང་ལ་ཡིད་ཆེས་བརླགས་པའི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༢༨་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་འཛམ་གླིང་ཀུན་དང་མ་མཐུན་པར་རྒྱ་ནག་ལ་ལོ་གསུམ་གྱི་རིང་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་མི་མང་གིས་ངོ་རྒོལ་བྱས་པའི་རྗེས་སུ་ཞིས་ཅིན་ཕིང་ལ་འཆར་གཞི་དང་གྲ་སྒྲིག་སོགས་གང་ཡང་མེད་པར་ནད་འགོག་གི་སྲིད་ཇུས་དེ་མཚམས་བཞག དེར་བརྟེན་རྒྱ་ནག་མི་མང་དུང་ཕྱུར་མང་པོར་ནད་དུག་འགོས་པ་དང་མི་མང་འབུམ་ཕྲག་མང་པོར་འཆི་སྐྱོན་ཕོག རྒྱ་ནག་གི་སྨན་ཁང་ཁག་ཏུ་ནད་པར་སྨན་བཅོས་བྱས་མ་ཐུབ་པ་དང་པུར་སྲེག་ཁང་དེ་དག་གི་ནང་དུ་མིའི་ཕུང་པོ་བསྲེགས་མི་ཚར་བའི་དཀའ་ངལ་ཕྲད་ཡོད་པས་ཞིས་ཅིན་ཕིང་གི་སྲིད་དབང་ཡུན་རིང་བརྟན་ཐུབ་རྒྱུ་ཡིན་མིན་ཡང་ངེས་བརྟན་བྲལ་བའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་ཇག་ཚོགས་རྩ་མེད་བཏང་བར་དགའ་བ་སྒོམ་གྱི་ཡོད་ཀྱང་རྒྱ་ནག་གི་ཚོང་ལས་དང་དངུལ་རྩའི་ལྟེ་གནས་ཧྲང་ཧེ་ལྟ་བུའི་གྲོང་ཁྱེར་ཁག་ཏུ་ཞིས་ཅིན་ཕིང་ལ་ཞེན་པ་ལོག་ནས་ཡིད་ཆེས་མེད་པར་གྱུར། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཧྲང་ཧེ་བ་མང་པོར་བཅར་འདྲི་ཞུས་པ་དང་ལོ་ན་༤༣་ལ་སོན་པའི་རྒྱ་མོ་ལི་ལེན་ཞེས་པ་ཞིག་གིས་ཁྱོད་ལ་མི་ཞིག་གིས་གནོད་འཚེ་བྱས་ན་མི་དེར་བསྐྱར་དུ་ཡིད་ཆེས་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་གསར་འགོད་པར་ལན་བཏབ། ཧྲང་ཧེ་བ་རྣམས་ཞིས་ཅིན་ཕིང་གཙོས་བདུན་ཕྲག་རྗེས་མ་ནས་རྒྱ་ནག་གི་སྲིད་བློན་ལ་འགྱུར་རྒྱུའི་མཐོ་རིམ་འགོ་ཁྲིད་ལི་ཆང་སོགས་ལ་ཡིད་ཆེས་བརླགས། སྔ་ལོ་ལི་ཆང་གིས་ཟླ་བ་གཉིས་ལ་ཧྲང་ཧེ་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས་ནས་གོ་གནས་འཕར་བ་རེད་ཅེས་གླེང་།།

གཟའ་མཇུག་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་ཐོག་ཏུ་ཞིས་ཅིན་ཕིང་ལ་དཔལ་འབྱོར་སླར་གསོའི་སྲིད་ཇུས་ཞིབ་འགྲེལ་བྱ་རྒྱུའི་གོ་སྐབས་ཤིག་འཐོབ་རྒྱུ་ཡིན་འདུག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་སུ་སྲིད་བློན་གསར་པ་ལི་ཆང་དང་གཞུང་གི་མཐོ་རིམ་འགོ་ཁྲིད་གཞན་ཚོས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཇི་ལྟར་བྱ་རྒྱུ་ཡིན་མིན། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་དང་ཐེ་ཝན་གྱི་གནད་དོན། ཨ་མི་རི་ཀས་རྒྱ་ནག་ལ་དེང་རབས་ཅན་གྱི་ཡར་ཐོན་འཕྲུལ་རིག་ཕྱིར་ཚོང་བྱ་རྒྱུ་བཀག་སྡོམ་བྱས་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་ཇི་ལྟར་སེལ་རྒྱུ་ཡིན་མིན་རྣམས་རགས་ཙམ་ཤེས་ཐུབ། ཁ་སང་གཟའ་མིག་དམར་ཉིན་ཞིས་ཅིན་ཕིང་གིས་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པ་གཉིས་ཀར་འགྱུར་བཅོས་ཁག་ཅིག་གཏོང་རྒྱུ་ཡིན་ཞེས་བསྒྲགས། ཞིས་ཅིན་ཕིང་གི་གཏམ་བཤད་དེས་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཅི་ཙམ་ཕྱིན་ཡོད་མེད་དང་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་ཀྱིས་ཡུཀ་རེན་གྱི་དམག་འཁྲུག་ལངས་ཏེ་འཛམ་གླིང་ཡོངས་སུ་ཡུལ་ཐང་འཕར་ཡོད་པར་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་རྣམས་གསལ་སྟོན་འབྱུང་སྲིད། ཨ་མི་རི་ཀ་དང་དེའི་མཐུན་གྲོགས་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་ཞིས་ཅིན་ཕིང་གིས་ཁ་ནས་ཞི་བདེ་བསྐྲུན་དགོས་ཞེས་བཤད་ཀྱང་དོན་དངོས་སུ་ཡུཀ་རེན་གྱི་དམག་འཁྲུག་ཡུན་བསྲིང་བར་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་སྲིད་པའི་དོགས་པ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་མུ་མཐུད་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་དམངས་རྣམས་ཞིས་ཅིན་ཕིང་གི་དབང་བསྒྱུར་ལ་བློ་ཁ་མ་ཚིམས་པའི་ཚད་གཞི་ཅི་ཙམ་ལ་བསླེབས་ཡོད་མེད་དེ་བཤད་དཀའ། ཡིན་ནའང་ཉེ་བའི་ཟླ་ཤས་ནང་དུ་རྒྱ་ནག་མི་དམངས་ཀྱིས་གཞུང་གི་ནད་འགོག་སྲིད་ལ་ངོ་རྒོལ་དང་རྒན་རྒོན་གྱི་སྨན་བཅོས་རོགས་དངུལ་ཉུང་དུ་བཏང་བར་ངོ་རྒོལ། ཤོག་སྦག་རྒྱག་མི་ཆོག་པའི་བཀག་སྡོམ་ལ་ངོ་རྒོལ། རྒྱ་ནག་གི་ས་ཁང་ཁེ་ལས་ཁག་གིས་མི་མང་གི་ལག་ནས་དངུལ་སྒོར་བསྡུས་ཏེ་ཁང་པ་འཛུགས་སྐྲུན་བྱ་རྒྱུ་ནར་འགྱངས་བཏང་བ། ས་ཁང་ཚོང་ལས་ཁག་ཅིག་མ་རྩ་བརྡིབས་པ་དང་མི་མང་གིས་དངུལ་ཁང་དུ་བཅོལ་བའི་དངུལ་སྒོར་རྣམས་ལེན་རྒྱུ་མེད་པ་བཅས་ལ་ངོ་རྒོལ་རིམ་པ་ཞིག་བྱུང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རང་དབང་ཁང་གིས་༢༠༢༢་ཀྱི་ལོ་མཇུག་ཟླ་བ་གསུམ་གྱི་རིང་རྒྱ་ནག་གི་ལྷོ་ནུབ་མངའ་ཁུལ་དུ་ཆགས་པའི་སི་ཁྲོན་ཞིང་ཆེན་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་དང་རྒྱ་ནག་ཤར་ཕྱོགས་ཀྱི་ཧྲན་ཏུང་ཞིང་ཆེན། པེ་ཅིང་དང་ཝུ་ཧན་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ངོ་རྒོལ་ལས་འགུལ་ལངས་འདུག་ཅེས་སྙན་ཐོ་བཏོན། ཧྲང་ཧེ་གྲོང་ཁྱེར་དུ་གཞིས་ཚུགས་པའི་རྒྱ་ནག་དང་ཡུ་རོབ་རྒྱལ་སྤྱིའི་ཚོང་ལས་སློབ་གྲྭའི་གཙོ་འཛིན་གཞོན་པ་དང་སློབ་སྤྱི་ཏིང་ཡོན་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་སྒེར་འཛིན་བྱ་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྤྱི་ཚོགས་གན་རྒྱ་ལྟ་བུ་ཞིག་བཞག་ཡོད་པ་རེད། ཁོ་ཚོ་གན་རྒྱ་དེའི་འོག་ནས་ཐར་ཐབས་མེད་པ་དང་རྒྱ་ནག་ལ་རྒན་རྒོན་གྱི་མི་འབོར་མང་དུ་སོང་སྟེ་དཔལ་འབྱོར་ཉམས། རྒན་རྒོན་གྱི་མི་འབོར་མང་དུ་འགྲོ་བཞིན་པར་རྒྱ་ནག་གཞུང་གིས་བཅོས་ཐབས་མི་རྙེད། དཔལ་འབྱོར་ཅི་ཙམ་ཉམས་ན་དེ་ཙམ་གྱིས་རྒྱ་ནག་མི་དམངས་རྣམས་བློ་ཁ་མ་ཚིམས་པ་ཤུགས་ཆེ་རུ་འགྲོ་ཤས་ཆེ་ཞེས་བསྟན།།

རྒྱ་ནག་གི་སྤྱི་ཚོགས་སུ་ངོ་རྒོལ་ལས་འགུལ་ལང་གི་ཡོད་པའི་འབྱུང་རྩ་ཞིག་གཙོ་བོ་ཞིག་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་བརྟན་པོ་ཞིག་ཚུགས་ཐུབ་མེད་པ་དང་ས་གནས་སྲིད་གཞུང་ཁག་གིས་ས་ཞིང་བཙོངས་ནས་དངུལ་སྒོར་འདུ་འགོད་བྱེད་ཀྱི་ཡོད་པར་ཐུག་འདུག་ཅེས་གནས་ཚུལ་ཐོན། ལི་ལེན་ལྟ་བུའི་ཧྲང་ཧེ་བ་རྣམས་ལོ་གཅིག་ཡས་མས་ཤིག་གི་རྗེས་སུའང་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་སྒོ་རྒྱ་བསྡམས་ཏེ་བཟའ་བཏུང་ཆད་པའི་དཀའ་ངལ་གྱི་འཇིགས་སྣང་འོག་ནས་མ་ཐར། ཁོ་མོས་སྔ་ལོའི་ཉམས་མྱོང་ལ་གཞིགས་ནས་མ་འོངས་པར་རྒྱ་ནག་གཞུང་ལ་འགྱུར་བ་ཆ་ཚང་ཞིག་མ་ཕྱིན་ན་ངས་ནམ་ཡང་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་ཐུབ་ས་མ་རེད། དཔལ་འབྱོར་སླར་གསོ་བྱུང་ན་མིའི་རྒྱུན་ལྡན་གྱི་འཚོ་བ་བསྐྱར་གསོ་འབྱུང་གི་ཡོད་པའི་ཚོར་བ་ཞིག་སྟེར། འོན་ཀྱང་ང་མགུ་རུ་འཇུག་མི་ཐུབ་པ་དང་དཔལ་འབྱོར་སླར་གསོ་ནི་གོམ་སྟབས་དང་པོ་རེད་ཅེས་བཀྲལ། ཉེ་ཆར་ཡུ་རོབ་ཚོང་ལས་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་རྒྱ་ནག་གཞུང་གིས་ཧྲང་ཧེར་སྒོ་རྒྱ་བསྡམས་པའི་རྗེས་སུ་གྲོང་ཁྱེར་དེར་གནས་འཁོད་འཇར་མན་བ་བརྒྱ་ཆ་༢༥་རང་ཡུལ་དུ་ལོག དེ་བཞིན་ཧྥ་རན་སི་བ་དང་ཨི་ཊ་ལི་བ་བརྒྱ་ཆ་༢༠་ཐམ་པ་རང་ཡུལ་དུ་ལོག ཡུ་རོབ་ཚོང་ལས་མཐུན་ཚོགས་ཀྱི་ཧྲང་ཧེ་ཡན་ལག་ཚོགས་པའི་ཚོགས་གཙོ་བྷེ་ན་ཛིན་གྱིས་སྔོན་ཆད་ཡུ་རོབ་ཀྱི་ཚོང་པ་ཚོ་ཧྲང་ཧེར་འགྲོ་རྒྱུར་ཧ་ཅང་དགའ། ད་ལྟ་ཧྲང་ཧེར་འགྲོ་འདོད་ཡོད་པ་སུ་གཅིག་ཀྱང་མི་འདུག མི་ཚང་མར་མ་འོངས་པར་ཅི་ཞིག་འབྱུང་རྒྱུ་ཡིན་ནམ་སྙམ་སྟེ་སྐྲག་སྣང་ཡོང་གི་འདུག་ཅེས་བཤད། ལི་ཞེས་པའི་ལོ་༢༩་ལ་སོན་པའི་ཚོང་བསྒྲགས་བཟོ་ཚོང་ལས་ཁུངས་ཤིག་གི་སྤྱི་ཁྱབ་འགན་འཛིན་ནས་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཀྱི་ཡིད་ཅེས་འགུགས་པར་ལས་དོན་མང་དུ་བསྒྲུབ་དགོས་ཞེས་འགྲེལ་བརྗོད་བྱས་འདུག ཁོ་མོ་རྒྱ་ནག་བྱང་ཤར་ཁུལ་དུ་སྐྱེས་ཀྱང་ཨ་རིའི་སྤྱི་དམངས་སུ་གྱུར་ཡོད་པ་དང་ཞིས་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ནང་དུ་ཞུགས། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་སྒོ་རྒྱ་བསྡམས་ཏེ་ཁང་པ་ཞིག་ལ་མེ་སྐྱོན་བྱུང་ནས་མི་ཁག་ཅིག་ཤི། དེ་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འདས་པོ་ཚོར་མར་མེ་མཆོད་འབུལ་བྱས་པ་དང་མཆོད་འབུལ་དེ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་དུ་གྱུར།།

ཕྱི་ཟླ་༣་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ལོ་བཅུ་ཕྲག་གཉིས་ཀྱི་སྔོན་ནས་ཕྱིར་བསྡུ་བྱས་པའི་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་ཏེ། དཔལ་འབྱོར་དང་ནོར་སྲིད་ལ་རྟོག་ཞིབ་བྱེད་པའི་ལས་ཁུངས་དེ་སླར་གསོ་བྱ་རྒྱུའི་བརྡ་ཞིག་བཏང་འདུག དེ་ནི་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ནོར་སྲིད་ལ་སྟངས་འཛིན་ནན་པོ་བྱ་རྒྱུའི་རྟགས་སུ་མངོན། རྒྱ་ནག་གི་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་ནི་ཞིས་ཅིན་ཕིང་དང་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ཏུ་ཐད་ཀར་འདུ། གཟའ་ཉི་མ་ནས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དང་སྐབས་དེར་འཐུས་མི་ཚོས་ཞིས་ཅིན་ཕིང་གིས་འདེམས་བསྐོ་བྱས་པའི་དཔལ་འབྱོར་ལས་རིགས་ཀྱི་འགོ་ཁྲིད་ཚོ་ངེས་གཏན་བྱ་དགོས་ཤིང་། ༡༩༩༨་ལོར་ཅང་ཙེ་མིན་གྱིས་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་བཙུགས་ཀྱང་རྒྱ་ནག་གི་དབུས་དངུལ་ཁང་དང་ནོར་སྲིད་ཚན་པ་ཁག་གི་ལས་རིགས་ལ་ཐེ་གཏོགས་མ་བྱས་པར་རང་སོར་བཞག ༢༠༠༣་ལོར་རྒྱ་ནག་གི་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་སྒོ་བརྒྱབ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་ཤར་ཨེ་ཤི་ཡའི་ཚོང་ལས་སློབ་གླིང་གི་འཆང་ཁྲིད་པ་ཞིན་སུན་གྱིས་རྒྱ་ནག་གི་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་དངོས་སུ་སླར་གསོ་བྱེད་ཚེ། རྒྱ་ནག་གི་དངུལ་རྩའི་ལམ་ལུགས་དང་གནད་འགག་ཆེ་བའི་ས་མིག་ཁག་ལ་ལས་སྣེ་བསྐོ་བཞག་བྱེད་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་རེད། ཞིས་ཅིན་ཕིན་གྱིས་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་བརྒྱུད་ནས་རང་གི་ཕྱོགས་གཏོགས་པ་དང་རང་ལ་བློ་དཀར་བ་རྣམས་འདེམས་བསྐོ་བྱ་རྒྱུ་སྟབས་བདེ་རུ་འགྲོ་ངེས་རེད་ཅེས་སྨྲས། རྒྱ་ནག་གི་དབུས་ནོར་སྲིད་རྟོག་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་དེར་ལི་ཆང་ངམ། ཡང་ན་ཏིང་ཤུའེ་ལེང་གཉིས་ཀྱི་གང་རུང་ཞིག་བསྐོ་སྲིད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG