ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་ཅིན་ཕིང་གིས་ན་གཞོན་ཚོ་འཐབ་རྩོད་ལ་ཞུགས་དགོས་པའི་སྐུལ་སློང་།


༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ན་གཞོན་དང་སློབ་ཕྲུག་ཁྲི་ཚོ་མང་པོ་བསྡུས་ནས་དར་དམར་འཕྱར་དུ་བཅུག་པ་དང་མི་རིགས་རིང་ལུགས་ཀྱི་ལ་ཞེན་སློང་གི་ཡོད་པ་ནི་མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་གི་ན་གཞོན་ཚོ་གྲལ་རིམ་འཐབ་རྩོད་ལ་ཞུགས་དགོས་ཞེས་སྐུལ་སློང་བྱས་པ་དང་གཉིས་སུ་མེད་ཅིང་། ཕྱི་ཟླ་༩་པའི་ཚེས་༣་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ན་གཞོན་ཚོས་སྟོང་བསམ་དོར་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཡར་རྒྱས་རྣམས་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ལ་ཞུགས་དགོས། ད་ལྟའི་དུས་སྐབས་ནི་འཛམ་གླིང་འདི་སྔོན་ཆད་མཐོང་ཐོས་བྱུང་མྱོང་མེད་པའི་མཚམས་སུ་བསླེབས་ཡོད། རྒྱ་ནག་གི་སྟོབས་ཤུགས་བསྐྱར་དར་གྱི་དུས་སྐབས་ཀྱང་དགག་རྩའི་མཚམས་སུ་བསླེབས་ཡོད། ང་ཚོར་འཕྲད་བཞིན་པའི་ཉེན་ཁ་དང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་རྣམས་ཇེ་ཆེ་རེད། ང་ཚོས་འཐབ་རྩོད་མེད་པར་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་དགོས་པའི་རེ་ལྟོས་འཆང་གི་ཡོད་པ་ནི་སྟོང་བསམ་རེད། ང་ཚོས་རྩ་དོན་གྱི་ཐོག་ཏུ་ནམ་ཡང་གུ་བཤངས་བྱེད་མི་ཐུབ། དམར་ཤོག་རིང་ལུགས་ལ་ཁྱད་ཆོས་ལྡན་པ་དང་ཡིད་རྟོན་རུང་བ། སྙིང་སྟོབས་བསྐྱེད་ནས་སྟོང་བསམ་གྱིས་བཤིག་མི་ཐུབ་པ་ཡིན་ཞེས་ཏང་གི་སློབ་གྲྭའི་ཚོགས་འདུ་ཞིག་གི་ཐོག་ཏུ་སློབ་ཕྲུག་ན་གཞོན་ཚོར་གཏམ་བཤད་བྱས་འདུག

ན་གཞོན་ཁག་ཅིག་གིས་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་རྣམས་རྒྱ་ནག་དམག་འཁྲུག་གི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་གོ་བ་བླངས། གཏམ་བཤད་འདི་རྒྱ་ནག་གཞུང་གིས་ན་གཞོན་ཚོས་བདུན་ཕྲག་གཅིག་གི་ནང་དུ་དྲྭ་ལམ་གྱི་དམག་འཐབ་རྩེད་མོ་ཆུ་ཚོད་གསུམ་ལས་རྩེད་མི་ཆོག་ཅེས་དུས་ཡུན་ཚོད་འཛིན་བྱས་པའི་གཞུག་དང་། སྔ་ལོ་ནས་རྒྱ་ནག་གི་ན་གཞོན་ཚོས་ཕུགས་བསམ་མི་འཆང་བ་དང་སློབ་སྦྱོང་མི་བྱེད་པ། གཉེན་སྒྲིག་མི་བྱེད་པ་དང་ཆེད་ལས་མི་གཉེར་བ། སྤྱི་ཚོགས་ཀྱི་གོ་གནས་སོགས་ལ་འཐབ་རྩོད་མི་བྱེད་པར་བག་ཉལ་བྱས་ནས་འདུག་མི་རུང་ཞེས་ལས་འགུལ་ཞིག་སྤེལ་མགོ་བརྩམས་པའི་རྗེས་སུ་བཤད་པ་ཞིག་ཡིན་ཞིང་། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་གིས་ན་གཞོན་རྣམས་སྐུལ་སློང་བྱེད་སྟངས་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་ནང་དུ་ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་ཉེས་ཆད་བཙན་འགེལ་བྱས་པའི་སྐབས་དེར་མའོ་ཙེ་ཏུང་གིས་རྒྱ་ནག་གི་ན་གཞོན་ཚོར་རྨོངས་དད་མ་བྱོས། འདྲེ་ལ་སྐྲག་མི་དགོས་ཞེས་སྐུལ་སློང་བྱས་པ་དང་གཅིག་མཚུངས་རེད་ཅེས་དཔེ་རུ་བཀོད། ༡༩༡༩་ལོའི་ཕྱི་ཟླ་༥་པའི་ཚེས་༤་ཉིན་མའོ་ཙེ་ཏུང་གིས་ཅན་ཅང་བསྐྱར་ཞིབ་དུས་དེབ་ཏུ་འདྲེ་ལ་སྐྲག་མི་དགོས་ཞེས་ལྟ་བ་ཞིག་དར་སྤེལ་བཏང་བ་མི་ཚེ་ཧྲིལ་པོར་བསྒྲགས། མའོ་ཙེ་ཏུང་གིས་འདྲེ་ལ་མི་སྐྲག་ཟེར་བ་ནི་མཐར་ཐུག་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་རྣམས་ཕམ་ཐུབ་ཟེར་བའི་དོན་དུ་གོ་དགོས་པ་རེད།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༨་པའི་ཚེས་༢༩་ནས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་མའོ་ཙེ་ཏུང་གི་རྗོད་ཚིག་དང་འབོད་ཚིག་ལྟ་བུའི་ངར་སྐད་དྲག་པོ་སྒྲོགས་འགོ་ཚུགས། ཟླ་ཤས་གོང་ནས་རྒྱ་ནག་གཞུང་གིས་དྲྭ་རྒྱ་དང་ཤེས་ཡོན་སློབ་གསོ། ས་ཁང་བདག་དབང་། སྤྲོ་དབྱིངས་ཀྱི་རྩེད་མོ་སོགས་དམ་དྲག་གི་སྒྲིག་ཁྲིམས་གསར་པ་གཏན་ལ་ཕབ། ༢༠༡༣་ལོར་སྒོ་བརྒྱབ་པའི་རྒྱ་ནག་གི་དབུས་གློག་ཤུགས་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་སྟེ། དེང་སྐབས་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར་ཡོད་པའི་ལི་ཀྭང་མན་གྱིས་རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་དང་བཙན་གནོན་རིང་ལུགས་ལ་འཐབ་རྒོལ་བྱེད་པར་མ་རྩ་རིང་ལུགས་པ་ཚོར་བསྙེ་མི་དགོས། གལ་སྲིད་མ་རྩ་རིང་ལུགས་པ་ཚོར་བསྙེས་ན་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་ལྟར་རྒྱ་ནག་ཀྱང་ཁ་འཐོར་འགྲོ་ངེས་རེད། རྒྱ་ནག་གིས་གློག་བརྙན་འཁྲབ་མཁན་དང་གཞས་པ་གཞས་མ་སོགས་མི་སྣ་གྲགས་ཅན་ཁག་ལ་བརྟེན་མི་དགོས། སྤྲོ་སྐྱིད་ཀྱི་ལས་རིགས་ཁག་བཀག་པས་ཀྱང་ཕན་ཐོགས་མེད། རྒྱ་ནག་གིས་མི་དམངས་དཀྱུས་མ་རྣམས་གཙིགས་སུ་འཛིན་དགོས་ཞེས་བཤད། དེར་བརྟེན་ཉམས་ཞིབ་པ་ཁག་ཅིག་གིས་ལི་ཀྭང་མན་གྱི་སྐད་ཆ་དེ་རྣམས་༡༩༦༦་ནས་༡༩༧༦་བར་དུ་ལངས་པའི་རྒྱ་ནག་གི་རིག་གནས་གསར་བརྗེའི་དུས་སུ་འབྱོར་མེད་གྲལ་རིམ་པ་ཞེས་བསྒྲགས་པའི་འབོད་ཚིག་བསྐྱར་ལོག་བྱས་པ་ཞིག་རེད་ཅེས་བཀྲལ།།

ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་ཁང་གིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་གི་རྒྱང་སྲིང་ལས་རིམ་ལྟར་སྐྱེ་བོ་སྒེར་པའི་སྒྱུ་རྩལ་འགྲན་སྡུར་གྱི་ལས་རིམ་ཁག་རྒྱང་སྲིང་བྱེད་མི་ཆོག་ཅེས་བཀག དེའི་ཚབ་ཏུ་རྒྱ་ནག་གི་སྟོབས་ཤུགས་དང་གདེང་སྤོབས་མཚོན་པའི་ལས་རིམ་ཁག་མང་དུ་གཏོང་དགོས་ཞེས་བཀའ་ཕབ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཕྱི་ཟླ་༡༡་པའི་ནང་དུ་པེ་ཅིང་ལ་རྒྱ་ནག་གི་ན་གཞོན་གྱི་གཏམ་བཤད་འགྲན་སྡུར་ཞིག་འཚོགས་འཆར་ཡོད། རྒྱ་ནག་གི་རླུང་འཕྲིན་དང་བརྙན་འཕྲིན། དྲྭ་ལམ་བཅས་སུ་ན་གཞོན་གྱི་གཏམ་བཤད་འགྲན་ལས་རིམ་ཁག་རྒྱང་སྲིང་བྱེད་དགོས། ལོ་ན་༤༠་མན་ཆད་ཚང་མས་སྒེར་གྱི་ཉམས་མྱོང་ལྟར་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་ཇི་ལྟར་བསླེབས་མིན། རྒྱ་ནག་དམར་ཤོག་ཚོགས་པའི་གྲུབ་འབྲས་རྣམས་གསལ་སྟོན་གྱི་གཏམ་བཤད་འགྲན་སྡུར་ལ་ཞུགས་ཆོག་ཅེས་ཁྱབ་བསྒྲགས་བྱས་འདུག ཐེངས་འདིའི་ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་ན་གཞོན་ཚོས་དུས་ཚོད་དམ་འཛིན་དང་སློབ་སྦྱོང་ལ་ཧུར་འབད། དཔེ་དེབ་ཡག་ག་མང་ཙམ་བཀླག་དགོས། དམར་ཤོག་པའི་གཏམ་བཤད་ཀྱི་ནང་དུ་ངེས་པར་དུ་དམར་ཤོག་གི་ལྟ་གྲུབ་དང་རྩ་དོན། འཐབ་རྩོད་རྣམས་གླེང་དགོས། དེ་ལ་ལངས་ཕྱོགས་གསལ་པོ་མེད་པ་དང་གུ་བཤངས་བྱ་རྒྱུ་མེད་ཅེས་ནན་བརྗོད་བྱས་འདུག ༢༠༡༧་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་ཞིས་ཅིན་ཕིང་གིས་འཛམ་གླིང་འདིར་སྔོན་ཆད་མཐོང་ཐོས་བྱུང་མྱོང་མེད་པའི་འགྱུར་བ་ཞིག་ཐེབས་ཀྱི་ཡོད་ཅེས་ཆེས་ཐོག་མར་བཤད། དེ་ནི་༢༠༠༨་ལོར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པར་གཞིགས་ནས་བཤད་པ་ཞིག་རེད་ཅེས་གླེང་།།

ཞིས་ཅིན་ཕིང་གི་གཏམ་བཤད་དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་ནས་ཚན་རྩལ་བཀག་སྡོམ་གྱི་སྲིད་ཇུས་ཁག་ལག་ལེན་བསྟར། ༢༠༡༩་ལོའི་ཕྱི་ཟླ་༦་པའི་ནང་དུ་རྒྱ་ནག་གིས་ཕྱོགས་ཡོངས་ལ་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་འཕེལ་རྒྱས་རྣམས་རྒྱུན་འཁྱོངས་བྱེད་ཐུབ་པ་དང་རྒྱ་ནག་གིས་འགན་འཁྲི་ལེན་རྒྱུ་ཡིན། འཛམ་གླིང་འདིར་གཏན་དུ་ཞི་བདེ་བརྟན་ལྷིང་ཞིག་ཚུགས་རྒྱུ་བཅས་ལ་ལེགས་སྐྱེས་འབུལ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད། ཡིན་ནའང་༢༠༡༩་ནས་༢༠༢༠་བར་དུ་ཧོང་ཀོང་ལ་ངོ་རྒོལ་ལས་འགུལ་ལངས། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཨ་རིའི་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་ཀྱང་སྲིད་གཞུང་སྔོན་མས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་མ་བྱས་པར་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལ་མ་རྩ་བཙུགས་ཡོད་པའི་དྲྭ་ལམ་དང་འཕྲུལ་རིག་གི་ཚོང་ལས་ཆེ་ཁག་ལ་དམ་དྲག སྐྱེ་བོ་སྒེར་གྱི་རང་དབང་དང་ཐོབ་ཐང་རྣམས་མེད་པར་གཏོང་གི་ཡོད་པར་གཞིགས་ཚེ། ཞིས་ཆིན་ཕིང་གིས་རྒྱ་ནག་གིས་ཕྱོགས་ཡོངས་ལ་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་འཕེལ་རྒྱས་རྒྱུན་འཁྱོངས། རྒྱ་ནག་གིས་འགན་འཁྲི་ལེན་རྒྱུ་དང་འཛམ་གླིང་ལ་གཏན་དུ་ཞི་བདེ་བརྟན་ལྷིང་ཞིག་ཚུགས་རྒྱུ་བཅས་ལ་ལེགས་སྐྱེས་འབུལ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་པར་འགྱུར་བ་ཐེབས་ཡོད་པའི་རྟགས་སུ་མངོན། ད་ལོའི་ཕྱི་ཟླ་༢་དང་༣་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་མོལ་ཚོགས་ཁག་ཏུ་ཞིས་ཅིན་ཕིང་གིས་ཤར་ཕྱོགས་པ་དར་རྒྱས་འགྲོ་བཞིན་ཡོད། ནུབ་ཕྱོགས་པ་ཉམས་རྒུད་འགྲོ་བཞིན་ཡོད་ཅེས་བཤད། མདོར་ན་ཞིས་ཅིན་ཕིང་གིས་རྒྱལ་ནང་གི་དཀའ་ངལ་ཁག་གི་གླེང་ཕྱོགས་སྒྱུར་ཐབས། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་དགྲ་རུ་གྱུར་ཡོད་པའི་དངོས་ཡོད་གནས་སྟངས་ལ་ལོག་འགྲེལ། ཁོ་པས་རྒྱ་ནག་མི་དམངས་ལ་མི་རིགས་རིང་ལུགས་ཀྱི་ལ་ཞེན་འབའ་ཞིག་བསླངས་ནས་སྲིད་དབང་འཛིན་ཐབས་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་ཉམས་ཞིབ་པ་ཚོས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG