ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་བྷ་ཌན་གྱི་སྲིད་ཇུས་ལ་བློ་འཚབ་དང་ངང་སྒུག 


༄༅།། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་ངོས་ལེན་བྱས་ཏེ་སེམས་པ་ལྷོད་ལ་བབས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་ལྟོས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་བྷ་ཌན་གྱི་སྲིད་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལྟར་ཨེ་ཤི་ཡར་དོ་སྣང་མུ་མཐུད་དུ་བྱ་རྒྱུ་ཡིན་མིན་ངེས་གཏན་བྱེད་མ་ཐུབ་པར་བློ་འཚབ་སྐྱེ་རྒྱུ་འགོ་ཚུགས་འདུག སྲིད་འཛིན་ཊམ་གྱིས་ལོ་༤་ལ་སྲིད་དབང་བཟུང་བའི་རིང་དེར་ཡུ་རོབ་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་སྟེ་ཨ་རིའི་ཁ་གཏད་པ་ཚོར་འབྲེལ་བ་ཡར་རྒྱས་གཏོང་ཐབས། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་ཨ་མི་རི་ཀས་བདེ་འཇགས་སྲུང་སྐྱོབ་ཀྱི་འབྲེལ་བ་རྒྱ་སྐྱེད་དང་ཚོང་འབྲེལ། སྔོན་ཆད་ཨ་མི་རི་ཀའི་གཞུང་གིས་ཨེ་ཤི་ཡར་དམིགས་པ་གཏད་མྱོང་མེད་པ་ཞིག་ཌོ་ནལ་ཊམ་གྱིས་སྲིད་གཞུང་གིས་གཏད། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཇཱོ་བྷ་ཌན་གྱི་ལས་དུས་འགོ་ཚུགས་པའི་རྗེས་སུ་ཨ་རིའི་རྒྱལ་ནང་གི་འགལ་ཟླ་སེལ་རྒྱུ་གཙིགས་སུ་བཟུང་སྟེ་ཨ་མི་རི་ཀའི་གཞུང་གིས་ཨེ་ཤི་ཡར་དོ་སྣང་བྱ་རྒྱུ་མཚམས་བཞག་སྟེ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། རྒྱ་སྐྱེད་དང་དམག་གི་སྟོབས་ཤུགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འགོག་རྒོལ་མེད་པར་ཁྱབ་སྲིད་པའི་བློ་འཚབ། ཨ་མི་རི་ཀའི་སྲིད་གཞུང་གསར་པས་ཨེ་ཤི་ཡར་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཚོད་དཔག་མ་ཐུབ་པར་ངང་སྒུག་བྱེད་ཀྱི་ཡོད་ཀྱང་ཡུ་རོབ་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་རི་དང་ཡུ་རོབ་ཀྱི་མཛའ་འབྲེལ་སླར་གསོ་འབྱུང་ཐུབ་རྒྱུའི་དགའ་མོས་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་སྲིད་འཛིན་ལ་འཕོ་འགྱུར་ཐེབས་ཀྱི་ཡོད་ཀྱང་ཨ་རི་དང་རྒྱ་ནག་གི་འགྲན་རྩོད་མཇུག་བསྒྲིལ་པ་ཞིག་མིན་ཞིང་། དཔེར་ན་ཇཱོ་བྷ་ཌན་གྱི་ལས་དུས་རིང་དུའང་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་དང་དམག་དོན་གྱི་འཐབ་རྩོད་རྣམས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སྟེ། རྒྱ་ནག་གིས་རང་ལ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཤུགས་རྐྱེན་ཐེབས་ཆོག་པའི་ཐོབ་ཐང་ཡོད་ཟེར། ཨ་མི་རི་ཀའི་སྲིད་གཞུང་ཚང་མས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་པར་ཁྱད་པར་མེད་པས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བློས་གཏོང་དཀའ། ཐེ་ཝན་གྱི་དམ་ཁང་སློབ་གྲྭ་ཆེན་མོའི་འཐབ་ཇུས་ཉམས་ཞིབ་པ་ཨ་ལིཀ་ཟན་ཌར་ཧོང་གིས་བཤད་པ་ལྟར་ན། ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཊམ་ལྟར་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་མ་རེད་སྙམ། ཁོང་གིས་སྲིད་འཛིན་ཟུར་པ་ཨོ་བྷ་མའི་དུས་སུ་རྒྱ་ནག་ལ་སྲིད་ཇུས་སྙོམས་པོ་ཞིག་བཟུང་བ་སླར་གསོ་བྱ་སྲིད། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་སོང་ན་ཨ་མི་རི་ཀས་ཐེ་ཝན་ལ་དོ་སྣང་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་ས་རེད། ཡིན་ནའང་རྒྱ་ནག་གི་བཙན་འཛུལ་འགོག་རྒྱུ་དང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཙོང་རྒྱུ་སོགས་ཉུང་དུ་གཏོང་སྲིད་པའི་ངེས་པ་མེད་ཅེས་བཤད། ཐེ་ཝན་གྱི་རྫས་སྦྱོར་རིག་པ་བ་ཟུར་པ་ཐང་རུའི་གོ་ཞེས་པ་ཞིག་གིས་ཨ་མི་རི་ཀར་སྲིད་འཛིན་སུ་ཞིག་བདམས་ཀྱང་ཁྱད་པར་ཡོད་རྒྱུ་མ་རེད། རྒྱ་ནག་དང་ཨ་མི་རི་ཀའི་འགྲན་རྩོད་ཤུགས་ཆེ་རུ་འགྲོ་རྒྱུ་ནི་ནམ་ཡང་མཚམས་ཆད་ཀྱི་མ་རེད་ཅེས་བཤད། ཁོ་པའི་ལྟ་ཚུལ་དེར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་སྐྱེ་བོ་མང་དག་ཅིག་གིས་མོས་མཐུན་བྱེད་ཀྱི་འདུག

ཇཱོ་བྷ་ཌན་གྱི་ལས་དུས་རིང་དེར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱེད་མི་སྲིད་ཅིང་། ཐོག་མར་སྲིད་འཛིན་ཊམ་གྱིས་བྱང་ཀོ་རི་ཡར་དམག་རྒྱག་རྒྱུའི་སྡིགས་ར་བསྐུལ་རུང་མཐའ་མཇུག་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་བྱས་པ་དང་བྱང་ཀོ་རི་ཡས་རྒྱང་འཕེན་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱ་རྒྱུ་འགོག་མ་ཐུབ། ད་ནས་ཀིམ་ཇུང་ཨུན་གྱིས་ཨ་རི་བཙན་རྒྱལ་རིང་ལུགས་དང་ཁྱི་རྒན་ཞེས་ངན་སྨོད་བྱས་ནས་འདུག་དགོས་ཐུག་རྒྱུ་དང་ཇཱོ་བྷ་ཌན་གྱིས་ཀིམ་ཇུང་ཨུན་ནི་བཤན་པ་དང་ཇག་གཙོ་ཞིག་རེད། སྲིད་འཛིན་ཊམ་གྱིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་ནས་ཇག་གཙོ་དེར་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་དང་མཐོང་འཇོག་ཐོབ་སོང་ཞེས་སྐྱོན་བཙུགས། ལྷོ་ཀོ་རི་ཡར་མཚོན་ན་སྲིད་འཛིན་ཌོ་ནལ་ཊམ་དང་མ་འདྲ་བར་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པར་བརྩི་འཇོག་དང་སྲིད་འཛིན་ཊམ་གྱིས་ལྷོ་ཀོ་རི་ཡ་དང་ཨ་རིའི་མཉམ་འབྲེལ་དམག་སྦྱོང་ཤུགས་ཆུང་དུ་བཏང་བར་ཇཱོ་བྷ་ཌན་གྱིས་འགྱུར་བ་གཏོང་རྒྱུ། ཨ་རི་དང་ལྷོ་ཀོ་རི་ཡའི་དམག་དོན་འབྲེལ་བ་སྔར་བཞིན་སྲ་བརྟན་དང་འགྱུར་བ་མེད་པའི་གནས་སྐབས་དེར་ཕྱིར་ལོག་བྱ་རྒྱུའི་རྟགས་མཚོན་ཐོན། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་འཆར་ཡོད་པར་ཉི་ཧོང་གཞུང་གིས་དགའ་བསུ་ཞུས། ཨ་མི་རི་ཀས་ཅི་ཙམ་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ན་ཉི་གློག་དང་རླུང་གློག་སོགས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་མེད་པའི་ནུས་ཤུགས་ཀྱི་འབྱུང་ཁུངས་གསར་གཏོད་བྱེད་མཁན་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གི་ཚོང་ལས་ལ་ཕན་ཐོགས་ཆེན་པོ་ཡོད་མོད། ཡིན་ནའང་ཉི་ཧོང་གི་ཁན་སེ་སློབ་གྲྭ་ཆེན་མོའི་ཨ་རིའི་ལོ་རྒྱུས་དང་ཆབ་སྲིད་ཉམས་ཞིབ་སློབ་དཔོན་ཧི་རོ་ཨེ་དྷས་བཤད་པ་ལྟར་ན། ཇཱོ་བྷ་ཌན་གྱིས་ཨ་རིའི་ནང་ཁུལ་གྱི་འགལ་ཟླ་སེལ་རྒྱུ་དང་ཨ་རིའི་རྒྱལ་ནང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་ལ་དོ་སྣང་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་སྲིད་ཅེས་དོགས་པ་བསླངས། ཉམས་ཞིབ་པ་ཏ་སི་ཁེར་ཞེས་པ་ཞིག་གིས་སྟབས་ཉེས་ན་བྷ་ཌན་གྱི་དུས་སུ་ཉི་ཧོང་གཅིག་པུར་ལུས་ཏེ་རྒྱ་ནག་གི་རྒྱ་སྐྱེད་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་བཅས་ལ་གདོང་ལེན་བྱ་དགོས་ཐུག་སྲིད་ཅེས་བཤད།།

ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་ཊྲན་བྷུལ་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཇཱོ་བྷ་ཌན་ལ་སྐུ་ཉིད་འདེམས་ཐོན་བྱུང་སྟེ་བློ་བདེ་སོང་ཞེས་བསྒྲགས། སྲིད་བློན་ཊྲན་བྷུལ་གྱིས་ཇཱོ་བྷ་ཌན་གྱི་དུས་སུ་ཨ་རི་དང་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་བ་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་རྒྱུའི་རེ་བ་འཆང་འདུག ནེའུ་ཛི་ལན་ཌི་གཞུང་གིས་ཇཱོ་བྷ་ཌན་གྱི་གཞུང་གིས་ངོ་མར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཁག་ལག་ལེན་བསྟར་ནས་རྒྱལ་ཁབ་དེའི་ཤ་དང་འོ་མ། མར་ཕྱུར་སོགས་ཨ་མི་རི་ཀར་ཕྱིར་ཚོང་ཐུབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པར་མ་ཟད། ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་འཁྲུག་རྩོད་སློང་རྒྱུ་ཤུགས་ཆུང་དུ་གཏོང་རྒྱུའི་རེ་ལྟོས་འཆང་བ་དང་ནེའུ་ཛི་ལན་ཌིའི་ཚོང་ལས་རྒྱ་ནག་ལ་བརྟེན་དགོས་ཀྱང་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀར་བརྟེན་དགོས་པ་རེད། རྒྱ་གར་དང་ཨ་མི་རི་ཀས་དམག་དོན་དང་བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་གྲོས་མཐུན་མང་དག་ཅིག་བཞག་ཡོད་པར་འགྱུར་བ་ཐེབས་མི་སྲིད་ཀྱང་སྲིད་བློན་མོ་དྷིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པར་ཇཱོ་བྷ་ཌན་གྱི་གཞུང་གིས་སྣང་མེད་བཏང་སྟེ་སྐྱོན་བརྗོད་དང་ཐེར་འདོན་མ་བྱས་པར་འཇོག་མི་སྲིད་པའི་རྣམ་པ་ཞིག་ཐོན། སྲིད་བློན་མོ་དྷིའི་གཞུང་གིས་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་སྐྱོན་བརྗོད་བྱ་ངེས་རེད་ཅེས་ཝིལ་སིན་ལྟེ་གནས་ཁང་གིས་ཉམས་ཞིབ་པ་ཁུ་གྷེལ་མན་གྱིས་བཤད་འདུག ཇཱོ་བྷ་ཌན་གྱིས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེ་དང་ཁོམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན། ཐེ་ལན་ཌིའི་དམག་གི་གཞུང་འཛིན་པ་སོགས་ལྷོ་ཤར་ཨེ་ཤི་ཡའི་སྲིད་དབང་སྒེར་གཅོད་པ་ཚོར་འཇམ་པོ་དང་བསྟུན་མཁས་བྱ་རྒྱུ་ཁག་པོ་རེད། ཇཱོ་བྷ་ཌན་གྱི་གཟབ་ནན་དང་སྲིད་ཇུས་བརྟན་པོ་ཞིག་བཟུང་ན་ལྷོ་ཤར་ཨེ་ཤི་ཡ་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ཡུ་རོབ་མཉམ་འབྲེལ་བཅས་ཀྱི་འབྲེལ་བ་རྣམས་ངེས་གཏན་ཅན་ཞིག་ལ་འགྱུར་ཐུབ་པའི་དགེ་མཚན་འདུག་ཅེས་ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག

ཁ་སང་གཟའ་ཟླ་བར་ཉི་ཧོང་གི་སྲིད་བློན་སཱུ་གྷས་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཇཱོ་བྷ་ཌན་གྱིས་ཨ་རི་དང་ཉི་ཧོང་གི་འབྲེལ་བ་སྲ་བརྟན་བཏང་སྟེ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་དུ་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་ཐུབ་པའི་རེ་བ་ཡོད། ཇཱོ་བྷ་ཌན་གྱིས་ཨ་རི་དང་ཉི་ཧོང་གཉིས་ལ་ལོ་བཅུ་ཕྲག་མང་པོའི་མཛའ་འབྲེལ་ཚུགས་ཡོད་པ་སླར་གསོ་བྱ་རྒྱུའི་རེ་བ་ཡོད་ཅེས་འདས་པའི་ལོ་བཞིའི་རིང་ལ་ཌོ་ནལ་ཊམ་གྱིས་ཉི་ཧོང་ལ་དམག་དོན་འགྲོ་གྲོན་མང་དུ་གཏོང་དགོས་ཞེས་གནོན་ཤུགས་སྤྲད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ངེས་གཏན་མེད་པར་གྱུར། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀྱང་ཇཱོ་བྷ་ཌན་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཁོང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་འབྲེལ་བར་ཉམས་ཆག་མེད་པ་དང་ཀོ་རི་ཡའི་གླིང་ཟུར་དེར་ཞི་བདེ་བསྐྲུན་རྒྱུ་མཚམས་མི་འཇོག་པའི་རེ་བ་ཡོད་ཅེས་བསྒྲགས། ཇཱོ་བྷ་ཌན་གྱིས་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། སྲིད་འཛིན་ཊམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་དམག་དོན་འགྲོ་གྲོན་སྤར་སྣོན་བྱ་དགོས། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས། གལ་སྲིད་ཉི་ཧོང་དང་ལྷོ་ཀོ་རི་ཡས་དམག་དོན་འགྲོ་གྲོན་སྤར་སྣོན་མ་བྱས་ན་ཨ་མི་རི་ཀའི་དམག་དཔུང་རྣམས་ཉི་ཧོང་དང་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུར་པར་ཇཱོ་བྷ་ཌན་གྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG