ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཛམ་གླིང་མི་དམངས་ལ་འགོག་ཁབ་བརྒྱབ་ཟིན་པའི་གྲངས་ཚད། 


༄༅།། ཐོག་མར་༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་ཉུང་མཐར་ཡང་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་བཅས་ས་ཁོངས་མ་འདྲ་བ་༡༣༣་གྱི་ནང་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་འགོ་ཚུགས་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་གཞི་གྲངས་ལྟར་ན། ཁ་སང་ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་འཛམ་གླིང་གི་ས་ཁོངས་༡༣༣་གྱི་ནང་དུ་འགོག་ཁབ་སྨན་ཐུན་༣༩༠༠༠༠༠༠༠་ལྷག་མི་ལ་བརྒྱབ་ཟིན་འདུག ཡིན་ནའང་མི་རེར་འགོག་ཁབ་སྨན་ཐུན་གཉིས་རེ་རྒྱག་དགོས་པས་འཛམ་གླིང་ཡོངས་སུ་འགོག་ཁབ་ཆ་ཚང་བརྒྱབ་ཟིན་པའི་མི་གྲངས་༡༩༥༠༠༠༠༠༠་ལས་མེད་པ་ཚོད་དཔག་བྱེད་ཐུབ། འདི་ནི་འཛམ་གླིང་ཧྲིལ་པོར་མི་འབོར་༧༠༠༠༠༠༠༠༠༠་ལྷག་ཡོད་པ་དེའི་མི་གྲངས་བརྒྱ་ཆ་༡་དང་གྲངས་ཆུང་༡༥་ལས་མ་ཟིན། རྒྱལ་ཁབ་མ་འདྲ་བ་རེར་འགོག་ཁབ་བགོ་འགྲེམ་དང་འགོག་ཁབ་རྒྱག་ཡུལ་སོགས་མ་འདྲ་བ་ཡོད་པའི་སྟབས་ཀྱིས་རྒྱལ་ཁབ་ཚང་མར་འགོག་ཁབ་བརྒྱབ་པའི་གྲངས་འབོར་གཅིག་གྱུར་ཞིག་འབྱུང་དཀའ།།

རྒྱལ་ཁབ་འགའ་ཤས་ཀྱང་མི་གྲངས་གང་མང་མང་ཞིག་ལ་འགོག་ཁབ་སྨན་ཐུན་གཅིག་རེ་རྒྱག་རྒྱུ་གཙིགས་སུ་འཛིན་པ་དང་རྒྱལ་ཁབ་འགའ་ཤས་ཀྱིས་ནད་པ་དང་རྒན་རྒོན་སོགས་ལ་བྲེལ་མྱུར་གྱིས་འགོག་ཁབ་སྨན་ཐུན་གཉིས་ཀ་རྒྱག་རྒྱུ་གཙིགས་སུ་བཟུང་འདུག དེང་སྐབས་འཛམ་གླིང་མི་དམངས་ལ་རྒྱག་གི་ཡོད་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དང་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ། ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ། རྒྱ་ནག་གི་སྨན་ཁབ་གཉིས་དང་ཨུ་རུ་སུའི་སྨན་ཁབ། རྒྱ་གར་གྱི་སྨན་ཁབ་གཉིས་བཅས་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་སྨན་ཁབ་དེ་རྣམས་མི་རེར་འགོག་ཁབ་སྨན་ཐུན་གཉིས་རེ་རྒྱག་དགོས་ཤིང་། ཉེ་ཆར་གསར་དུ་ཐོན་པའི་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དེ་རྒྱག་ཐེངས་གཅིག་དང་སྨན་ཐུན་གཅིག་གིས་གོ་ཆོད་ཀྱི་ཡོད་ཀྱང་ཕྱི་ཟླ་༣་པའི་ཟླ་མཇུག་བར་དུ་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་སྨན་ཁབ་༢༠༠༠༠༠༠༠་ལས་བཟོ་ཐུབ་ཀྱི་མེད་པ་རེད།།

ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ།
ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ།

ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ཨ་རི་དང་འཇར་མན་ཎི་གཉིས་ཀྱིས་མཉམ་དུ་བཟོས་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་ཛ་དྲག་གི་ཆེད་དུ་མི་ལ་རྒྱག་ཆོག་པའི་ཆོག་མཆན་བཀོད། དེའི་རྗེས་སུ་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དང་དབྱིན་ཇིའི་འགོག་ཁབ། རྒྱ་ནག་གི་འགོག་ཁབ་གཉིས་དང་ཨུ་རུ་སུའི་འགོག་ཁབ། རྒྱ་གར་གྱི་འགོག་ཁབ་གཉིས་བཅས་རིམ་བཞིན་རྒྱག་འགོ་བརྩམས། ད་ལྟ་འཛམ་གླིང་ཡོངས་སུ་གཟའ་འཁོར་གཅིག་གི་ཉི་མ་༧་ལ་ཆ་མཉམ་མི་གྲངས་༩༧༠༠༠༠༠་ལ་འགོག་ཁབ་རྒྱག་གི་ཡོད་འདུག སྨན་ཁབ་རག་མིན་དང་སྨན་ཁབ་ནང་འདྲེན་གྱི་དཔལ་འབྱོར་འགྲོ་གྲོན་ཡོད་མེད་ལ་གཞིགས་ནས་འཛམ་གླིང་ཡོངས་སུ་སྨན་ཁབ་བགོ་འགྲེམ་ཆ་མཉམ་ཞིག་ཡོང་ཐུབ་ཀྱི་མེད་པ་སྟེ། དབུལ་ཕོངས་རྒྱལ་ཁབ་མང་ཆེ་བས་སྨན་ཁབ་ཉུང་ཉུང་རེ་མ་གཏོགས་ནང་འདྲེན་བྱེད་ཐུབ་ཀྱི་མེད་པའམ། སྨན་ཁབ་ནང་འདྲེན་བྱེད་པར་དངུལ་སྒོར་འགྲོ་གྲོན་ཡོད་ཀྱང་འཛམ་གླིང་ཡོངས་ལ་སྨན་ཁབ་འདང་ངེས་ཤིག་བཟོ་མ་ཐུབ་དཀའ་ངལ་འཕྲད་འདུག དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་རྒྱ་གར་དང་ལྷོ་ཀོ་རི་ཡའི་བཟོ་གྲྭ་ཁག་ལ་འགོག་ཁབ་དེ་བཟོ་རུ་འཇུག་རྒྱུ། འཛམ་གླིང་གི་སྨན་ཁབ་འདྲ་མིན་བརྒྱ་ཆ་༦༠་ལྷག་རྒྱ་གར་དུ་བཟོ་བཞིན་ཡོད་པ་དང་ལྷོ་ཀོ་རི་ཡའི་བཟོ་གྲྭ་ཁག་ཏུའང་སྨན་ཁབ་སྣ་ཚོགས་ཤིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་རེད།།

སྔ་ལོའི་ཏོག་དབྱིབས་ནད་དུག་གིས་མི་ལ་ནད་མནར་དང་འཆི་སྐྱོན་གྱི་དཀའ་ངལ་ཚབས་ཆེ་ཤོས་ནི་ཨ་མི་རི་ཀར་འཕྲད་ཀྱང་ཨ་རིའི་མི་དམངས་ལ་འགོག་ཁབ་མང་ཤོས་རྒྱག་ཐུབ་ཀྱི་ཡོད་པ་སྟེ། ན་ནིང་ཕྱི་ཟླ་༡༢་པའི་ཚེས་༡༤་ནས་ཁ་སང་ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་ཨ་མི་རི་ཀ་བ་༡༡༡༠༠༠༠༠༠་ལྷག་ལ་འགོག་ཁབ་སྨན་ཐུན་གཅིག་རེ་བརྒྱབ། མི་གྲངས་༣༩༠༠༠༠༠་ལ་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ། ཨ་མི་རི་ཀར་མི་འབོར་༣༣༠༠༠༠༠༠༠་ལྷག་ཡོད་པ་དེའི་བརྒྱ་ཆ་༡༡་ལ་འགོག་ཁབ་བརྒྱབ་ཟིན་ཞིང་། ད་ལྟ་ཨ་མི་རི་ཀས་ཉི་མ་རེར་ཆ་མཉམ་མི་གྲངས་༢༤༠༠༠༠༠་ལ་སྨན་ཁབ་རྒྱག་ཐུབ་ཀྱི་ཡོད་པར་མ་ཟད། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཕྱི་ཟླ་༥་པའི་ཟླ་མཇུག་ཏུ་ཨ་མི་རི་ཀ་བ་སུ་ཞིག་ལ་འགོག་ཁབ་རྒྱག་འདོད་ཡོད་ཀྱང་སྨན་ཁབ་མི་འདང་བའི་དཀའ་ངལ་མེད་ཅེས་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ཨ་རིའི་གཞུང་གིས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་དེར་ཆོག་མཆན་བཀོད་པ་མང་པོ་ཞིག་བཟོ་ཐུབ་ཚེ། ཨ་མི་རི་ཀའི་མི་དམངས་ལ་འགོག་ཁབ་རྒྱག་ཐུབ་པའི་གྲངས་འབོར་སྔར་ལས་ཇེ་མང་དུ་འགྲོ་ཐུབ། ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ལ་ཕན་ནུས་བརྒྱ་ཆ་༩༥་དང་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ལ་ཕན་ནུས་བརྒྱ་ཆ་༩༤་དང་གྲངས་ཆུང་༡་ཡོད་ཅིང་། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༨༥་དང་དབྱིན་ཇིའི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༧༦་ཡོད་འདུག ཨུ་རུ་སུའི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༩༢་དང་རྒྱ་གར་གྱི་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དེར་ཕན་ནུས་བརྒྱ་༨༡་ཐོན། རྒྱ་ནག་གི་སྨན་ཁབ་གཉིས་ལ་ཕན་ནུས་བརྒྱ་ཆ་༧༡་ཡོད་ཟེར་གྱི་ཡོད་ཀྱང་བྷར་ཛིལ་གྱི་ནད་པ་ཚོར་བརྒྱབ་ནས་ཚོད་ལྟ་བྱས་པའི་སྐབས་སུ་ཕན་ནུས་བརྒྱ་ཆ་༥༠་དང་གྲངས་ཆུང་༤་ཐོན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ས་ཡ་མང་པོ་ཕུགས་གསོག་བྱས་ནས་མི་འཇོག་པར་དབུལ་ཕོངས་རྒྱལ་ཁབ་ལ་བགོ་འགྲེམ་བྱ་དགོས། ཏོག་དབྱིབས་རིམས་ནད་ནི་འཛམ་གླིང་ཀུན་ཁྱབ་ཀྱི་དཀའ་ངལ་ཞིག་ཡིན་པ་ལས་ས་གནས་འགའ་ཞིག་དང་རྒྱལ་ཁབ་འགའ་ཞིག་གི་དཀའ་ངལ་ཞིག་མ་རེད་ཅེས་འབོད་སྐུལ་ཞུས། ཕྱི་ཟླ་༥་པའི་མཚམས་སུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དབུལ་ཕོངས་རྒྱལ་ཁབ་ཁག་ལ་འགོག་ཁབ་སྨན་ཐུན་༢༣༧༠༠༠༠༠༠་ཙམ་བགོ་འགྲེམ་བྱེད་ཐུབ་རྒྱུའི་དམིགས་ཚད་བཟུང་འདུག

ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་ལྟར་ན། ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༢༦༦༢༠༦༧་འཆི་སྐྱོན་བྱུང་། ནད་དུག་འགོས་པའི་མིའི་གྲངས་༡༢༠༠༠༠༠༠༠་ལྷག་བརྒལ་ཟིན། བདུན་ཕྲག་སྔོན་མ་གཅིག་པུར་འཛམ་གླིང་ཡོངས་སུ་ནད་འགོས་པའི་མི་གྲངས་བརྒྱ་ཆ་༡༡་འཕར་སྣོན་སོང་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་ཏོག་དབྱིབས་ནད་དུག་གིས་ཨ་མི་རི་ཀ་བ་༥༣༥༦༢༨་ལ་འཆི་སྐྱོན་དང་ནད་དུག་འགོས་པའི་མི་གྲངས་༣༠༠༠༠༠༠་མ་ཟིན་ཙམ་ཞིག་བྱུང་འདུག དེ་བཞིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་མི་གྲངས་༢༧༩༢༨༦་ལ་འཆི་སྐྱོན་དང་མི་གྲངས་༡༡༥༡༩༦༠༩་ལ་ནད་དུག་འགོས། བྷར་ཛིལ་གཞུང་གིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དུང་ཕྱུར་༡་ཉོ་རྒྱུའི་གན་རྒྱ་བཞག་འདུག རྒྱ་ནག་གིས་བཟོས་པའི་སྨན་ཁབ་རྣམས་རྒྱལ་ཁབ་༥༤་ལ་ཚོང་འགྲེམ་བྱེད་ཀྱི་ཡོད་པ་དང་རྒྱ་གར་གྱིས་བཟོས་པའི་སྨན་ཁབ་རྣམས་རྒྱལ་ཁབ་༧༡་ལ་ཚོང་འགྲེམ། ཨུ་རུ་སུའི་བཟོས་པའི་སྨན་ཁབ་རྣམས་ཤར་ཡུ་རོབ་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་ལ་ཚོང་འགྲེམ། དབྱིན་ཇིས་བཟོས་པའི་སྨན་ཁབ་དུང་ཕྱུར་འགའ་ཞིག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མངགས་ཉོ། ཨ་རིའི་ཧྥེ་ཛར་དང་མོར་ཌེ་ན། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་བཅས་ཀྱི་ལོ་ངོ་རེ་ཟུང་གི་སྨན་ཁབ་ཐོན་སྐྱེད་རྣམས་ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་སྔོན་ནས་མངགས་ཉོ་ཟིན་ཏེ་འཛམ་གླིང་ཡོངས་ལ་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG