ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་རྒྱལ་ཁབ་༣་གྱིས་དབྱིན་ཇིའི་སྨན་ཁབ་རྒྱག་རྒྱུ་ངང་འཐེན།


༄༅།། ཕྱི་ཟླ་༣་པའི་ཚེས་༡༥་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་གསུམ་གྱིས་དབྱིན་ཇིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ངང་འཐེན་བྱས་འདུག དེའི་རྒྱུ་རྐྱེན་ནི་དབྱིན་ཇིའི་སྨན་ཁབ་དེ་བརྒྱབ་པའི་མི་ཁག་ཅིག་ལ་ཁྲག་དཀག་གི་འདུག་ཟེར་མོད། འོན་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་སྨན་ཁབ་རྟོག་ཞིབ་ཁང་དང་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀས་མི་ཁག་ཅིག་གི་ཁྲག་དཀག་གི་ཡོད་པ་ནི་མཐའ་གཅིག་ཏུ་དབྱིན་ཇིའི་སྨན་ཁབ་དེ་བརྒྱབ་ནས་བྱུང་བ་ཞིག་ཡིན་པ་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མི་འདུག་ཅེས་བསྒྲགས། འཇར་མན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོས་དབྱིན་ཇིའི་འགོག་ཁབ་དེ་རྒྱག་རྒྱུ་ངང་འཐེན་བྱས་པ་ནི་འཇར་མན་ཎིའི་སྨན་ཁབ་རྟོག་ཞིབ་པས་ལམ་སྟོན་བྱས་པ་ལྟར་ཐག་གཅོད་བྱས་པ་ཡིན། དེ་རིང་གི་ཐག་གཅོད་འདི་དོགས་ཟོན་འབའ་ཞིག་གི་ཆེད་དུ་ཡིན་ཞེས་བཤད་འདུག

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཀྱང་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་རྒྱུ་ཉུང་མཐར་ཡང་སང་ཉིན་ཕྱི་དྲོར་ཡུ་རོབ་མཉམ་འབྲེལ་གྱི་སྨན་ཁབ་རྟོག་ཞིབ་ཁང་གིས་ཐག་གཅོད་ཅིག་མ་བྱས་བར་དུ་ངང་འཐེན་བྱ་རྒྱུ་ཡིན། ཧྥ་རན་སིའི་གཞུང་གིས་གང་མགྱོགས་འགོག་ཁབ་རྒྱག་རྒྱུ་མཇུག་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཨི་ཊ་ལིའི་སྨན་རིགས་རྟོག་ཞིབ་ཁང་གིས་དབྱིན་ཇིའི་འགོག་ཁབ་དེ་བཀག་འགོག་བྱས་པ་ནི་གནས་སྐབས་རིང་དོགས་ཟོན་བྱེད་པའི་ཆེད་དུ་ཡིན་ཞེས་བཀྲལ། ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་དྲྭ་ལམ་དུ་ང་ཚོའི་སྨན་ཁབ་དེ་མི་གྲངས་༡༧༠༠༠༠༠༠་དང་དབྱིན་ཇི་ཚུད་པའི་ཡུ་རོབ་རྒྱལ་ཁབ་༢༧་གྱི་མི་དམངས་ལ་རྒྱག་གི་ཡོད། ད་ལྟའི་བར་དུ་ཁྲག་དཀག་པའི་མི་༣༧་བྱུང་འདུག ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ནས་ཁྲག་དཀག་གི་ཡོད་པའི་དཔང་རྟགས་གང་ཡང་རྙེད་ཀྱི་མི་འདུག་ཅེས་གསལ་བཀྲོལ་བྱས་འདུག

ཡུ་རོབ་མཉམ་འབྲེལ་གྱི་སྨན་རིགས་བརྟག་དཔྱད་ཁང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀས་རང་རང་གི་གཞི་གྲངས་ལྟར་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་བརྒྱབ་ནས་མིའི་ཁྲག་དཀག་གི་ཡོད་པའི་རྟགས་མཚན་མི་འདུག་ཅེས་གནས་ཚུལ་སྤེལ། ཡུ་རོབ་རྒྱལ་ཁབ་ཁག་ལ་དབྱིན་ཇིའི་འགོག་ཁབ་དེ་ཁྱབ་ཤུགས་ཆེ་ཡང་ཨ་རི་དང་འཇར་མན་ཎི་མཉམ་འབྲེལ་གྱིས་བཟོས་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དང་ཨ་རིའི་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་གཉིས་ཀྱང་རྒྱག་གི་ཡོད་པར་མ་ཟད། ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་ཀྱང་མྱུར་དུ་རྒྱག་འགོ་ཚུགས་རྒྱུ་ཡིན་ཞིང་། ཨ་མི་རི་ཀར་ཧྥེ་ཛར་དང་མོར་ཌེ་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱི་འགོག་ཁབ་རྒྱག་གི་ཡོད་ཀྱང་ཡུན་མི་འགོར་པར་དབྱིན་ཇིའི་འགོག་ཁབ་ཀྱང་ཨ་རིར་རྒྱག་ཆོག་པའི་བཀའ་འཁྲོལ་ཞུ་འཆར་ཡོད་འདུག

མིའི་ཁྲག་དཀག་ན་སྙིང་རྩ་འགག་པ་དང་གཟའ་གྲིབ་འཕོག་པ། གློ་རྩ་ཚབས་ཆེན་འགག་པའི་ནད་མནར་འབྱུང་གི་ཡོད་ཅིང་། ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་དྲྭ་ལམ་དུ་མི་༡༥་ལ་ཉྭ་རིལ་གྱི་རྩ་ནང་དུ་ཁྲག་དཀག་ཡོད་པ་དང་མི་༢༢་ལ་གློ་རྩའི་ནང་དུ་ཁྲག་དཀག་པའི་གནས་ཚུལ་བྱུང་འདུག་ཅེས་བཀོད། བདུན་ཕྲག་སྔོན་མར་ཌན་མག་གཞུང་གིས་དབྱིན་ཇིའི་འགོག་ཁབ་དེ་རྒྱག་རྒྱུ་རེ་ཞིག་ངང་འཐེན་བྱས་པ་ནི་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་དང་པོ་དེར་གྱུར། ཌན་མག་གཞུང་གིས་མི་གཅིག་ལ་འགོག་ཁབ་དེ་བརྒྱབ་ནས་ཉིན་བཅུའི་རྗེས་སུ་ཁྲག་དཀག་སྟེ་འཆི་སྐྱོན་བྱུང་སོང་། དབྱིན་ཇིའི་འགོག་ཁབ་དེའི་སྨན་ཐུན་དང་པོ་ནི་ཨར་ལན་ཌི་དང་ཐེ་ལན་ཌི། ནེ་དྷར་ལན་ཌི་དང་ནོར་ཝེ། འཁྱག་གླིང་རྒྱལ་ཁབ་དང་ཀོང་གོ བྷལ་གྷེ་རི་ཡ་བཅས་ཀྱི་མི་དམངས་ལའང་བརྒྱབ། འཇར་མན་གཞུང་གིས་མི་ཞིག་གིས་དབྱིན་ཇིའི་སྨན་ཁབ་དེ་བརྒྱབ་པའི་གཞུག་ཏུ་ཉི་མ་༤་ལ་མུ་མཐུད་དུ་མགོ་ན་བ་དང་ལུས་ལ་དམར་ཐིག་འཐོན་ན་འཕྲལ་དུ་སྨན་བཅོས་བྱ་དགོས་ཞེས་བསྐུལ།།
འཇར་མན་ཎིར་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་༣༠༠༠༠༠༠་ལྷག་རག་ཡོད་པ་དེའི་ཁོངས་ནས་སྨན་ཁབ་༡༦༠༠༠༠༠་ཡས་མས་ཤིག་མི་ལ་བརྒྱབ་ཟིན། སྔ་ལོ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཨི་ཊ་ལི་དང་སི་པེན། ཧྥ་རི་སན་དང་དབྱིན་ཇི། འཇར་མན་ཎི་བཅས་ལ་ནད་དུག་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཕྲད། ཡིན་ནའང་འཛམ་གླིང་རྒྱལ་ཁབ་ཀུན་གྱི་གྲས་སུ་ཨ་མི་རི་ཀ་དང་བྷར་ཛིལ། རྒྱ་གར་དང་ཨུ་རུ་སུ། དབྱིན་ཇི་བཅས་ལ་ནད་མནར་དང་འཆི་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་གྲངས་༡༡༩༤༠༠༠༠༠་ལྷག་ལ་ནད་དུག་འགོས་པ་དང་མི་གྲངས་༢༦༤༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་། ཕྱི་ཟླ་༣་པའི་ཚེས་༡༤་བར་དུ་ཨ་མི་རི་ཀ་གཅིག་པུར་མི་གྲངས་༢༩༣༩༩༣༡༧་ལ་ནད་དུག་འགོས་པ་དང་མི་༥༣༤༢༧༥་ལ་འཆི་སྐྱོན་བྱུང་འདུག

XS
SM
MD
LG