ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ལ་མཉམ་སྐྱོང་སྲིད་གཞུང་འཛུགས་རྒྱུའི་གྲོས་མོལ།


༄༅།། ད་ལྟ་བལ་ཡུལ་གྱི་སྲིད་དོན་ཚོགས་པ་བཞིས་མཉམ་སྐྱོང་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུར་གྲོས་མོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། སྲིད་དོན་ཚོགས་དེ་དག་གི་གཅིག་ལའང་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་མེད། གལ་ཏེ་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བའི་སྲིད་དོན་ཚོགས་པས་སྲིད་བློན་ཨོ་ལིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཕྱིར་འཐེན་བྱེད་ཚེ། བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་ཨོ་ལིས་འགོ་ཁྲིད་པའི་བར་བརྒལ་སྲིད་གཞུང་ལ་ཡིད་ཆེས་ཡོད་མེད་འོས་ཤོག་འཕེན་དགོས། སྲིད་གཞུང་འཛུགས་རྒྱུ་དེར་གྲོས་མོལ་བྱེད་ཀྱི་ཡོད་པའི་བལ་ཡུལ་གྱི་སྲིད་དོན་ཚོགས་པ་བཞི་ནི་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་མར་ཁེ་སི་དང་ལེ་ནིན་རིང་ལུགས་མཉམ་འབྲེལ་དམར་ཤོག་ཚོགས་པ་དང་བལ་ཡུལ་ཀོང་རེ་སི་ཚོགས་པ། ཕྱོགས་འགལ་དམར་ཤོག་མའོ་ཚོགས་པ་དང་ཇན་ཏ་ས་མ་ཇ་བྷ་ཌི་ཚོགས་པ་བཅས་ཡིན་འདུག ཁ་སང་གཟའ་ལྷག་པ་ནས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་དེ་དག་གིས་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་སྲིད་གཞུང་གསར་པ་ཞིག་འཛུགས་ཐུབ་རྒྱུ་ཡིན་མིན། གལ་སྲིད་ཐུབ་པ་ཡིན་ན་སྲིད་བློན་གྱི་གོ་གནས་སུས་འཛིན་རྒྱུ་ཡིན་མིན། ཐ་ན་བལ་ཡུལ་གྱི་སྲིད་དོན་ཚོགས་པ་དེ་དག་སྲིད་གཞུང་གསར་པ་ཞིག་འཛུགས་དགོས་པ་དེར་གྲོས་མཐུན་ཡོང་རྒྱུ་ཡིན་མིན་སོགས་ངེས་གཏན་མེད་པའི་གནས་སུ་ལྷུང་འདུག

ད་སྔ་མའོ་ཤོག་ཁག་གི་དམར་ཤོག་ཚོགས་པས་སྲིད་བློན་ཨོ་ལིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་ཡིན་པར་མ་ཟད། ༢༠༡༨་ལོའི་ཕྱི་ཟླ་༢་པར་མའོ་ཤོག་ཁག་གི་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཤར་མ་ཨོ་ལི་སྲིད་བློན་ལ་བདམས། ལོ་དེའི་ཕྱི་ཟླ་༥་པར་བལ་ཡུལ་གྱི་མར་ཁེ་སི་ལེ་ནིན་རིང་ལུགས་མཉམ་འབྲེལ་ཚོགས་པ་དང་མའོ་ཤོག་ཁག་གི་དམར་ཤོག་ཚོགས་པ་གཉིས་མཉམ་བསྲེས་བྱས་ནས་བལ་ཡུལ་ལ་དམར་ཤོག་ཚོགས་པ་གཅིག་འཛུགས་རྒྱུའི་ཐག་གཅོད་བྱས་ཀྱང་ཁྲིམས་ཁང་གིས་སྲིད་དོན་ཚོགས་པ་མཉམ་བསྲེས་བྱ་རྒྱུ་དེ་བཀག ཉམས་ཞིབ་པ་ཚོས་སྲིད་བློན་ཨོ་ལིའི་ཤོག་ཁག་དེའི་མཐོ་རིམ་འགོ་ཁྲིད་ཚོ་དང་ས་མ་ཇ་བྷ་ཌི་ཚོགས་པའི་འགོ་ཁྲིད་ཚོས་ཐུག་འཕྲད་གྲོས་མོལ་ལན་མང་བྱེད་ཀྱི་འདུག ས་མ་ཇ་བྷ་ཌི་ཚོགས་པར་བལ་ཡུལ་གྱི་གྲོས་ཚོགས་སུ་འཐུས་མི་༣༤་ཡི་གདན་ཐོབ་ཡོད་པ་དེས་སྲིད་དོན་ཚོགས་པའམ། ཡང་ན་བལ་ཡུལ་གྱི་ཤོག་ཁག་གང་ལ་རྒྱབ་སྐྱོར་བྱས་ན་སྲིད་དོན་ཚོགས་པ་དེར་གྲོས་ཚོགས་སུ་འཐུས་མི་གྲངས་མང་ལོངས་རྒྱུ། བལ་ཡུལ་གྱི་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་ཡོད་པའི་སྲིད་དོན་ཚོགས་པ་དེས་སྲིད་གཞུང་འཛུགས་ཆོག མའོ་ཤོག་ཁག་གི་དམར་ཤོག་ཚོགས་པས་སྲིད་བློན་ཨོ་ལིར་རྒྱབ་སྐྱོར་བྱ་རྒྱུ་ཕྱིར་འཐེན་བྱ་སྲིད་པའི་རྣམ་པ་ཞིག་འདུག འོན་ཀྱང་ས་མ་ཇ་བྷ་ཌི་ཚོགས་པས་ཤར་མ་ཨོ་ལིར་རྒྱབ་སྐྱོར་བྱེད་ན་སྲིད་བློན་ཨོ་ལིའི་ཤོག་ཁག་དེར་སྔར་བཞིན་འཐུས་མི་གྲངས་མང་གི་རྒྱབ་སྐྱོར་འཐོབ་སྟེ་སྲིད་དབང་འཛིན་ཐུབ་རྒྱུ་རེད་ཅེས་བསྟན།།

ས་མ་ཇ་བྷ་ཌི་ཚོགས་པའི་མཐོ་རིམ་འགོ་ཁྲིད་ནེམ་བྷང་གིས་ང་ཚོས་སྲིད་དོན་ཚོགས་པ་ཚང་མར་གྲོས་མོལ་བྱེད་ཀྱི་ཡོད། སྲིད་བློན་ཨོ་ལིའི་ཤོག་ཁག་ལ་འཐུས་མི་མང་བ་ཡོད་པ་དེར་བལྟས་ནས་ང་ཚོ་མཉམ་སྐྱོང་སྲིད་གཞུང་འཛུགས་རྒྱུ་དེའི་ཁོངས་སུ་མཉམ་ཞུགས་བྱ་རྒྱུའི་བྲེལ་བ་ལངས་མེད། ང་ཚོས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཁག་ལའང་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅེས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད། སྲིད་བློན་ཨོ་ལིའི་གཞུང་དེ་མགོ་རྟིང་སློག་པར་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་དང་མའོ་ཤོག་ཁག་གི་དམར་ཤོག་ཚོགས་པ། ས་མ་ཇ་བྷ་ཌི་ཚོགས་པ་གསུམ་གྱིས་ལོགས་སུ་མཉམ་སྐྱོང་སྲིད་གཞུང་འཛུགས་རྒྱུའི་གྲོས་མོལ་ཞིག་ཀྱང་བྱེད་འགོ་ཚུགས་འདུག ཨོ་ལིའི་ཤོག་ཁག་གི་མཐོ་རིམ་འགོ་ཁྲིད་ཅིག་གིས་སྲིད་བློན་ཨོ་ལིས་མ་འོངས་པར་གོམ་པ་ཇི་ལྟར་སྤོ་དགོས་མིན་གསལ་པོ་ཤེས་ཀྱི་ཡོད་པ་རེད། མའོ་ཤོག་ཁག་གིས་རྒྱབ་སྐྱོར་ཕྱིར་འཐེན་བྱེད་ན་གྲོས་ཚོགས་སུ་སྲིད་གཞུང་ལ་ཡིད་ཆེས་ཡོད་མེད་འོས་ཤོག་འཕེན་དུ་འཇུག་དགོས། སྲིད་བློན་ཨོ་ལིས་བལ་ཡུལ་གྱི་ཀོང་རེ་སི་དང་ས་མ་ཇ་བྷ་ཌི་ཚོགས་པ་མཉམ་སྐྱོང་སྲིད་གཞུང་ཁོངས་སུ་འཐེན་ཐབས་བྱ་ངེས་རེད། ཁོང་གིས་ཀོང་རེ་སི་ཚོགས་པ་དང་ས་མ་ཇ་བྷ་ཌི་ཚོགས་པ་གཉིས་བློ་ཁ་ཚིམ་གྱི་མེད་པའི་གནད་དོན་ཁག་ལ་ཉན་ཞིབ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད།།

བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་སྦ་གསང་མེད་པར་འོས་འདེམས་སྔ་སྣུར་བྱ་དགོས་པའི་ལངས་ཕྱོགས་བསྟན། སྲིད་བློན་ཨོ་ལིར་འོས་འདེམས་སྔ་སྣུར་བྱ་འདོད་མེད་པར་ཇན་ཏ་ས་མ་ཇ་བྷ་ཌི་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་གཞུང་ལ་ཡིད་ཆེས་ཡོད་པའི་འོས་ཤོག་འཐོབ་ཐབས། བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་ཨོ་ལིའི་གཞུང་ལ་ཡིད་ཆེས་ཡོད་པའི་འོས་ཤོག་འཐོབ་ན་སྤྱི་ཡོངས་འོས་འདེམས་སྔ་སྣུར་བྱེད་མི་དགོས་ཤིང་། ཨོ་ལིའི་ཤོག་ཁག་གི་མཐོ་རིམ་འགོ་ཁྲིད་གཞན་ཞིག་གིས་ཀྱང་ང་ཚོས་ས་མ་ཇ་བྷ་ཌི་ཚོགས་པ་རང་ཕྱོགས་སུ་འགུགས་རྒྱུ་དེར་འབད་བརྩོན་དང་ཤུགས་སྣོན་ཆེ་ཙམ་རྒྱག་དགོས་ཀྱི་འདུག་ཅེས་ནང་མོལ་བྱས་འདུག སྔ་ལོ་ཕྱི་ཟླ་བཞི་པར་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆུང་ཁག་གཉིས་མཉམ་འབྲེལ་བྱས་ནས་ཇན་ཏ་ས་མ་ཇ་བྷ་ཌི་ཚོགས་པ་གསར་དུ་ཚུགས། སྲིད་འཛིན་ཚོགས་པ་འདི་ཨོ་ལིའི་མཉམ་སྐྱོང་སྲིད་གཞུང་ཁོངས་སུ་ཞུགས་དགོས་ན་ཚོགས་པ་དེའི་གྲོས་ཚོགས་འཐུས་མི་རེ་ཤམ་ཆོ་དྷ་རི་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་པ་དང་སྲིད་དོན་ཚོགས་པ་དེའི་ལས་སྣེ་ཁག་ཅིག་ལ་ཉེས་འཛུགས་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ། བལ་ཡུལ་གྱི་རྩ་ཁྲིམས་ལ་སྒྱུར་བཅོས་གཏོང་རྒྱུའི་ཁས་ལེན་བྱ་དགོས་ཞེས་མཐར་ཐུག་གི་དགོས་འདུན་རྣམས་བཏོན། ༢༠༡༥་ལོར་ཏི་ཀ་པུར་ས་གནས་སུ་དྲག་ཟིང་ལངས་པའི་ཉེས་དོན་ཐོག་ཏུ་རེ་ཤམ་ཅོ་དྷ་རི་བཙོན་ཁང་དུ་བཅུག རེ་ཤམ་ཅོ་དྷ་རི་བཙོན་ཁང་ནས་གློད་གྲོལ་གཏོང་རྒྱུ་ནི་མགོ་ཉོག་ཆེ་བའི་གནད་དོན་ཞིག་ཡིན་འདུག

ད་ལྟ་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་ཁྱོན་བསྡོམས་འཐུས་མི་༢༧༠་ཡོད་པ་དང་ཨོ་ལིའི་ཤོག་ཁག་ལ་འཐུས་མི་༡༢༠་ཡོད་ཅིང་། དེས་ན་སྲིད་བློན་ཨོ་ལིའི་འཐུས་མི་༡༥་ཙམ་གྱི་རྒྱབ་སྐྱོར་བཙལ་ན་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༡༣༥་ཡི་གདན་གྲངས་ལོངས་ཐུབ། ས་མ་ཇ་བྷ་ཌི་ཚོགས་པ་སྲིད་བློན་ཨོ་ལིས་འགུགས་ཐབས་བྱ་རྒྱུ་ནི་ཐབས་ཇུས་ཡག་ཤོས་རེད། ས་མ་ཇ་བྷ་ཌི་ཚོགས་པར་བློན་ཆེན་རིམ་པའི་གོ་གནས་འགའ་ཞིག་སྤྲད་ན་མཉམ་སྐྱོང་སྲིད་གཞུང་ཁོངས་སུ་ཞུགས་ངེས་རེད་ཅེས་བལ་ཡུལ་གྱི་སྲིད་དོན་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་འདུག གཟའ་འཁོར་འདིའི་གྲོས་མོལ་སྐབས་སུ་ཕམ་ཉེས་ཆེ་ཤོས་ནི་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་ལ་བྱུང་ཡོད་པ་སྟེ། ཁོ་པའི་ཕྱོགས་གཏོགས་པ་མང་དག་ཅིག་གིས་སྲིད་བློན་ཨོ་ལིར་རྒྱབ་སྐྱོར་བྱས་ནས་ལངས་ཕྱོགས་བསྒྱུར། བདུན་ཕྲག་འགའ་ཞིག་གི་སྔོན་བར་དུ་སྲིད་བློན་ཟུར་པ་ནེ་པེལ་དང་ཁ་ནལ་སོགས་ཀྱིས་སྲིད་བློན་ལས་ཐོག་ཤར་མ་ཨོ་ལི་གནས་དབྱུང་གཏོང་རྒྱུའི་ཐབས་སུ་འབད། གཟའ་ཉི་མའི་གྲོས་མོལ་རྗེས་སུ་ནེ་པེལ་དང་ཁ་ནལ་གཉིས་ཀས་ཤར་མ་ཨོ་ལིའི་སྲིད་དབང་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་འདུག ཁོ་ཚོས་རང་གི་རྒྱབ་སྐྱོར་བ་ཚོར་བལ་ཡུལ་ལ་གཡོན་ཤོག་གི་མཉམ་སྐྱོང་སྲིད་གཞུང་ཞིག་འཛུགས་རྒྱུ་གནད་འགག་ཆེན་པོ་རེད། ང་ཚོས་གཡོན་ཤོག་གི་མཉམ་འབྲེལ་ཚོགས་པ་སྟོབས་ཤུགས་ཅན་ཞིག་འཛུགས་ཐབས་སུ་བསམ་བློ་གཏོང་གི་ཡོད་ཅེས་བཤད། པུ་ཤ་པལ་ཀ་མལ་དྷལ་དང་དེའི་ཕྱོགས་གཏོགས་པ་ཚོས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པར་མཉམ་འབྲེལ་བྱས་ནས་སྲིད་བློན་ཨོ་ལིའི་ཤོག་ཁག་ལ་ཁ་གཏད་གཅོག་དགོས་པའི་གྲོས་འགོ་བཏོན་རུང་ཀོང་རེ་སི་ཚོགས་པས་གྲོས་གཞི་དེར་ལན་འདེབས་གསལ་པོ་ཞིག་བྱས་མེད་བཅས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་ནང་ཚོང་བརྒྱབ་ནས་རང་རང་གི་ཁེ་ཕན་སྒྲུབ་ཀྱི་ཡོད་ཀྱང་རྒྱལ་ཁབ་ལ་སྲིད་གཞུང་བརྟན་པོ་ཞིག་མེད་པར་ཡུན་རིང་འགོར་ཡོད་པ་རེད།།

XS
SM
MD
LG