ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་དྲག་ཟིང་ལ་འཛམ་གླིང་གི་དབུ་ཁྲིད་ཚོས་བློ་འཚབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀར་ཉེ་དུས་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་སྤྱི་ཡོངས་འོས་བསྡུ་ཆེན་མོ་བྱས་པའི་སྐབས་སུ་ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་ལ་མང་མོས་འདེམས་ཐོན་བྱུང་བ་མཐའ་མའི་གཏན་འབེབས་གནང་རྒྱུར་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལྷན་འཛོམས་གནང་བའི་སྐབས་དེར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་རྒྱལ་ཡོངས་གྲོས་ཚོགས་སུ་དཔུང་འཛུལ་བྱས་པར་འཛམ་གླིང་དབུ་ཁྲིད་རྣམས་ཧ་ལས་ཧོན་ཐོར་དགོས་པའི་གནས་ཚུལ་ཞིག་བྱུང་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་པས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་དེར་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཐུགས་ཕམ་ཆེན་པོ་གནང་གི་འདུག གནས་ཚུལ་འདི་འདྲ་བྱུང་བའི་དུས་སུ་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་རང་གི་རྗེས་འཇུག་པ་ཚོར་དམངས་གཙོའི་ལམ་ལུགས་ལ་སྲུང་བརྩི་ཞུ་རུ་བཅུག་སྟེ་དྲག་ཟིང་གི་ལས་འགུལ་མི་སྤེལ་བའི་བཀོད་འདོམས་གནང་དགོས་པ་རེད་ཅེས་གསུངས་འདུག རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཝ་ཤིང་ཊོན་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་ཡོད་པ་དང་ས་གནས་གྲོང་ཁྱེར་གཞུང་གིས་རྒྱལ་སའི་ཁུལ་དུ་གང་བྱུང་ཕྱི་རོལ་ཏུ་འགྲོ་སྐྱོད་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པས་རྒྱ་ནག་གི་སྤྱི་དམངས་ཚོས་ཡིད་གཟབ་་བྱས་ནས་རང་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་ལམ་སྟོན་བྱས་འདུག རྒྱ་གར་གྱི་སྲིད་བློན་མོ་དྷིས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཝ་ཤིང་ཊོན་དུ་དྲག་ཟིང་གི་ལས་འགུལ་བྱུང་བར་བློ་ཕམ་ཆེན་པོ་བྱུང་སོང་། སྲིད་གཞུང་འཕོ་འགྱུར་གྱི་ལས་དོན་རྣམས་བདེ་བག་ཕེབས་སུ་བསྒྲུབ་དགོས་པ་ཞིག་རེད། དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ནས་དམངས་གཙོའི་འོས་འདེམས་ཀྱི་གྲུབ་འབྲས་དེ་ཉིད་འཕྲུ་སློག་གཏོང་ཐབས་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མ་རེད་ཅེས་གསུངས་འདུག

ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་ཀ་ཏོས་གསར་འགོད་པ་ཚོར་སྲིད་འཛིན་ཊམ་གྱི་ཆབ་སྲིད་ལས་དོན་ནི་ཨ་མི་རི་ཀ་རྒྱལ་ནང་གི་གནད་དོན་ཞིག་ཡིན་པས་ང་ཚོས་དེ་ལ་ལེགས་ཉེས་ཀྱི་འགྲེལ་བཤད་གང་ཡང་རྒྱག་འདོད་མེད། ཡིན་ནའང་དཀའ་རྙོག་གི་གནས་ཚུལ་བྱུང་བའི་དུས་སུ་དམངས་གཙོའི་ལམ་སྲོལ་ལྟར་དཀའ་ངལ་དེ་རྣམས་སེལ་རྒྱུའི་རེ་འདུན་འཆང་ཡོད་ཅེས་གསར་འགོད་པ་ཚོར་བསྒྲགས། ཨི་སི་རལ་གྱི་ཕྱི་སྲིད་བློན་ཆེན་གྱིས་དྲྭ་ལམ་དུ་ང་ཚོའི་གྲོགས་པོ་ཡག་ཤོས་ཨ་མི་རི་ཀར་རང་བཙན་ཐོབ་པ་ནས་བཟུང་སྟེ་དམངས་གཙོའི་ལམ་སྲོལ་གྱི་སྒྲོན་མེ་ལྟར་གྱུར། རང་དབང་དང་བདེན་པའི་དེད་དཔོན་ལྟ་བུའི་རྒྱལ་ཁབ་ཞིག་ཏུ་གྱུར་ཡོད་པ་རེད། ཨ་མི་རི་ཀའི་མི་དམངས་ཀྱི་སྐུ་ཚབ་རྣམས་དང་རྒྱ་ཆེའི་མང་ཚོགས་ཀྱིས་དཀའ་ངལ་འདིར་གདོང་ལེན་བྱ་དགོས། རང་དབང་དང་དམངས་གཙོའི་ལམ་སྲོལ་ལ་སྲུང་སྐྱོབ་བྱེད་པའི་རེ་འདུན་ཞུ་ཡི་ཡོད། ཨ་མི་རི་ཀར་བྱུང་བའི་གནས་ཚུལ་དེར་བློ་ཕམ་ཆེ་ཞེས་བཀོད།།

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་བརྙན་ནང་དུ་ཨ་མི་རི་ཀར་བྱུང་བའི་གནས་ཚུལ་ནི་ཨ་མི་རི་ཀའི་བྱེད་སྟངས་ཤིག་གཏན་ནས་མ་རེད། ང་ཚོས་རང་གི་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ལའང་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱིས་དྲྭ་ལམ་དུ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་དེ་ཞབས་འདྲེན་ཞིག་རེད། ཨ་མི་རི་ཀ་འཛམ་གླིང་གི་དམངས་གཙོའི་སྒྲོན་མེ་རེད། སྲིད་དབང་འཕོ་འགྱུར་གྱི་ལས་དོན་རྣམས་ཞི་བདེའི་སྒོ་ནས་བསྒྲུབ་རྒྱུ་གལ་འགངས་ཆེན་རེད་ཅེས་བཀོད། དབྱིན་ཇིའི་ནང་སྲིད་དྲུང་ཆེ་པྲི་ཏི་པ་ཊེལ་གྱིས་ཀྱང་གསར་འགོད་པ་ཚོར་སྲིད་འཛིན་ཊམ་གྱིས་བཀོད་འདོམས་ལྟར་མི་མང་གིས་ཝ་ཤིང་ཊོན་དུ་ལས་འགུལ་དེ་སྤེལ་བ་རེད། མི་མང་རྣམས་གྲོས་ཚོགས་སུ་ཕྱིན་སྟེ་ངོ་རྒོལ་བྱ་དགོས་པའི་སྐུལ་ལྕག་བཏང་བའི་རྐྱེན་གྱིས་མི་ཚོགས་ཤིག་གྲོས་ཚོགས་སུ་བརྒྱུགས་ཏེ་ངོ་རྒོལ་དང་དྲག་ཟིང་བསླངས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱས་དམངས་གཙོར་མི་དགའ་མཁན་རྣམས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་དེར་དགའ་མོས་བྱུང་ཡོད་ངེས་རེད། སྲིད་འཛིན་ཊམ་གྱིས་འོས་ཤོག་འཕེན་མཁན་མི་མང་གི་ཐག་གཅོད་ལ་ངོས་ལེན་གནང་དགོས། སྲིད་འཛིན་ཊམ་གྱིས་སྐུལ་ལྕག་བཏང་དོན་བཞིན་མི་མང་གིས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་རེད། ཌོ་ནལ་ཊམ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་འོས་ཤོག་འཕེན་མཁན་མི་མང་གི་ཐག་གཅོད་ལ་ཁས་ལེན་བྱས་ཏེ་དམངས་གཙོའི་ལམ་ལུགས་ལ་བརྩི་མེད་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གསུངས་འདུག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ངོ་རྒོལ་བྱེད་མཁན་ཚོས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་སུ་དཔུང་འཛུལ་བྱས་ཏེ་གཏོར་བཅོམ་བྱས་པ་ནི་བློ་ཕམ་ཤིན་ཏུ་ཆེ་བའི་གནས་ཚུལ་ཞིག་རེད། འོས་ཤོག་འཕེན་མཁན་མི་མང་གི་ཐག་གཅོད་ལ་སྲིད་འཛིན་ཊམ་གྱིས་སྲུང་བརྩི་ཞུ་དགོས་ཞེས་གསུངས་འདུག

ཡུ་རོབ་མཉམ་འབྲེལ་གྱི་རྒྱུན་ལས་སྤྱི་ཁྱབ་ཨུར་སུ་ལ་ལེ་ལཱེན་ཌས་ངས་ཨ་མི་རི་ཀའི་དམངས་གཙོའི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། འོས་བསྡུའི་སྐབས་སུ་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་ཡོད་པས་སྲིད་འཛིན་ཊམ་གྱིས་ཞི་བདེ་བག་ཕེབས་སུ་སྲིད་དབང་རྩིས་སྤྲོད་བྱ་དགོས། ངས་ཨ་མི་རི་ཀའི་སྲིད་འཛིན་རྗེས་མར་མཉམ་འབྲེལ་བྱས་ནས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་རྒྱུའི་རེ་འདུན་འཆང་ཡོད་ཅེས་གསུངས་འདུག ཨ་མི་རི་ཀའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁེ་ན་ཌའི་སྲིད་བློན་གྱིས་ཝ་ཤིང་ཊོན་དུ་བྱུང་བའི་གནས་ཚུལ་དེར་བློ་ཕམ་བྱུང་སོང་། ཡིན་ནའང་ཨ་མི་རི་ཀའི་དམངས་གཙོའི་ལམ་སྲོལ་གྱི་རྨང་གཞི་སྲ་བརྟན་ཡིན་པས་དཀའ་ངལ་སྣོན་མ་གང་ཡང་མེད་པར་དུས་བདེའི་གནས་སྟངས་སྔར་སོར་ཆུད་ཐུབ་རྒྱུ་རེད་བསམ་གྱི་འདུག་ཅེས་ཁེ་ན་ཌའི་རྒྱལ་ཡོངས་རླུང་འཕྲིན་ཐོག་ཏུ་བཀའ་མོལ་ཞིག་གནང་འདུག

XS
SM
MD
LG