ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གཉིས་ཀྱི་དམག་གི་སྟོབས་ཤུགས་གཤིབ་སྡུར།


རྒྱ་གར་དུ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད། ༢༠༢༠།༦།༡༧

༄༅།། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ་ནས་བཟུང་། ད་ལྟའི་བར་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྒོལ་འཛིང་བྱུང་སྟེ་མི་ལ་འཆི་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་མ་བྱུང་ཞིང་། བདུན་ཕྲག་འདིའི་གཟའ་ཟླ་བའི་དགོང་མོར་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་ཤིག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ལ་སྲོག་སྐྱོན་བྱུང་། རྒྱ་ནག་གཞུང་གིས་རང་གི་མཐའ་མཚམས་སྲུང་དམག་ཅི་ཙམ་ལ་འཆི་རྨས་བྱུང་མིན་གྱི་གྲངས་འབོར་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་རྒྱ་ནག་གི་དམག་དཔོན་ཞིག་ཚུད་པའི་མི་༣༥་ལ་འཆི་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་དམག་མི་༤༣་ནས་༤༥་ཡས་མས་ཤིག་ལ་འཆི་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ་འདུག ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་དང་ཉམས་ཞིབ་པ་ཚོས་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་མི་འབོར་མང་བའི་རྒྱལ་ཁབ་གཉིས་ཀྱིས་དམག་འཁྲུག་ཆེན་པོ་ཞིག་བརྒྱབ་ཚེ། ༡༩༦༢་ལོར་རྒྱ་ནག་ལ་བདེ་བླག་ཏུ་རྒྱལ་ཁ་ཐོབ་པ་དེ་འདྲ་ཞིག་ནམ་ཡང་འབྱུང་མི་སྲིད། འདས་པའི་ལོ་༥༨་ཀྱི་རིང་ལ་རྒྱ་གར་གཞུང་གིས་དམག་གི་སྟོབས་ཤུགས་ཡར་རྒྱས་དང་དེང་རབས་ཅན་གྱི་མཚོན་ཆ་མཁོ་སྒྲུབ། རྒྱ་ནག་གིས་སྔར་བཞིན་རྒྱ་གར་ལས་སླ་བོར་ཕམ་ཐུབ་པའི་ཁོག་རྩིས་བརྒྱབ་ན་ནོར་འཁྲུལ་ཆེན་པོ་རེད་ཅེས་ཨ་རིའི་ཧར་ཝྭར་ཌི་སློབ་གྲྭ་ཆེན་མོའི་ཁེ་ཎི་ཌི་སྲིད་གཞུང་ཞིབ་འཇུག་ལྟེ་གནས་དང་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་བདེ་འཇགས་གསར་པ་ཉམས་ཞིབ་ཁང་གཉིས་ཀྱི་མཁས་པ་ཚོས་དཔྱད་ཞིབ་བྱས་འདུག
རྡུལ་ཕྲན་མཚོན་ཆ། མི་སུ་ཞིག་གིས་ཀྱང་གཟའ་འཁོར་འདིའི་ས་མཚམས་ཀྱི་ལག་འཛིང་འདི་རྒྱ་དཀར་ནག་གི་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་ལ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་མེད་ཀྱང་ཕྱོགས་གཉིས་ཀར་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པ་སྣང་ཆུང་གཏོང་ཆོག་པ་ཞིག་མིན། ༡༩༦༤་ལོར་རྒྱ་ནག་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་གྱུར། རྒྱ་གར་༡༩༧༤་ལོར་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་གྱུར། རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་༣༢༠་ཡས་མས་ཤིག་ཡོད་པ་དང་རྒྱ་གར་ལ་རྡུལ་ཕྲན་མཚོན་ཆ་༡༥༠་ཡས་མས་ཤིག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ལོ་ལྟར་རྒྱ་དཀར་ནག་གཉིས་ཀས་རང་གི་ཕུག་གསོག་རྡུལ་ཕྲན་མཚོན་ཆ་དེ་ཚོར་ཁ་སྣོན་བྱེད་ཀྱི་ཡོད་ཅིང་། སྔ་ལོ་རྒྱ་ནག་གིས་རྡུལ་ཕྲན་རྩེ་མདེལ་༤༠་ཐམ་པ་ཁ་སྣོན་དང་རྒྱ་གར་གྱིས་རྡུལ་ཕྲན་རྩེ་མདེལ་༡༠་ཐམ་པ་ཁ་སྣོན་བྱས་པའི་གནས་ཚུལ་ཐོན་འདུག རྒྱ་དཀར་ནག་གཉིས་ཀར་རྡུལ་ཕྲན་རྩེ་མདེལ་འཕེན་སྤྱད་མེ་ཤུགས་འཕུར་མདའ་དང་མདེལ་འཕེན་གནམ་གྲུ། མཚོ་འོག་དམག་གྲུ་བཅས་ཡོད་ཀྱང་རྒྱ་དཀར་ནག་གཉིས་ཀས་ཚུར་རྒོལ་མ་བྱུང་ན་སྔོན་ལ་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱ་རྒྱུ་མིན། རྒྱ་དཀར་ནག་གཉིས་ཀས་རང་གི་རྡུལ་ཕྲན་མཚོན་ཆ་རྣམས་ཕ་རོལ་པོར་རྒོལ་ལན་སློག་སྤྱད་འབའ་ཞིག་ཡིན་ཞེས་སྲིད་ཇུས་ཤིག་རྩ་འཛིན་བྱེད་ཀྱི་ཡོད་པ་རེད།།
གནམ་དམག་གི་སྟོབས་ཤུགས། རྒྱ་གར་ལ་འཐབ་འཛིང་གནམ་གྲུ་༢༧༠་ཡས་མས་ཤིག་དང་མདེལ་འཕེན་གནམ་གྲུ་༦༨་ཡོད་པ་རྣམས་རྒྱ་ནག་ལ་དམག་རྒྱག་པར་བཀོལ་སྤྱོད་བྱེད་ཆོག ད་དུང་རྒྱ་གར་ལ་བོད་ཀྱི་ས་མཚམས་ཁག་ཏུ་དམག་གི་གནམ་ཐང་ཆུང་ཁག་མང་དག་ཅིག་འཛུགས་སྐྲུན་བྱས་ཟིན་ཡོད་པ་དེ་དག་གི་སྟེང་དུ་དམག་གི་གནམ་གྲུ་རྣམས་འཕུར་འབབ་བྱེད་ཆོག་གི་འདུག་ཅེས་གནས་ཚུལ་ཐོན། རྒྱ་ནག་ལ་འཐབ་འཛིང་གནམ་གྲུ་༡༥༧་དང་མདེལ་འཕེན་གནམ་གྲུ་ཉུང་ཤས་ཤིག རྒྱ་ནག་གི་གནམ་དམག་ལ་བོད་དང་ཞིན་ཅང་གི་ས་གནས་ཁག་ཏུ་གནམ་ཐང་༨་ཡོད་པ་དེ་དག་གི་མང་ཆེ་བ་ནི་སྤྱི་དམངས་འགྲིམ་འགྲུལ་གྱི་གནམ་ཐང་ཁག་རེད། བོད་དང་ཞིན་ཅང་གི་གནམ་ཐང་དེ་དག་ཆགས་ཡུལ་མཐོ་དྲགས་པ་དང་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་བཅས་ཀྱིས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་ཚོར་དུས་ཐོག་ཏུ་སྣུམ་ལྡུག་མ་ཐུབ་པར་འཐབ་འཁྲུག་གི་ནུས་པ་ཆེན་པོ་ཞིག་འདོན་ཐུབ་རྒྱུ་ཁག་པོ་རེད། རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་རྣམས་ཧྥ་རན་སི་ནས་ནང་འདྲེན་བྱས་པའི་མཱི་ར་ཇཱི་༢༠༠༠་རྟགས་ཅན་དང་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་སཱུ་༣༠་རྟགས་ཅན་རྣམས་ཡིན་ཞིང་། རྒྱ་ནག་གི་འཐབ་འཐབ་འཛིང་གནམ་གྲུ་རྣམས་ཇཱེ་༡༠་དང་ཇཱེ་༡༡་རྟགས་ཅན། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་སཱུ་༢༧་རྟགས་ཅན་རྣམས་རེད། རྒྱ་གར་གྱི་མཱི་ར་ཇཱི་༢༠༠༠་རྟགས་ཅན་དང་སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་རྣམས་དབྱར་དགུན་སྟོན་དཔྱིད་མེད་པར་བཀོལ་སྤྱོད་སྣ་མང་ཞིག་བྱེད་ཐུབ། རྒྱ་ནག་གི་ཇཱེ་༡༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེར་མ་གཏོགས་རྒྱ་གར་ལྟར་བཀོལ་སྤྱོད་སྣ་མང་གི་ནུས་པ་མི་འདུག་ཅེས་གཤིབ་སྡུར་བྱས་འདུག
དམག་སྒར་དང་དམག་དོན་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། རྒྱ་གར་གྱིས་རྒྱ་ནག་གི་ཚུར་རྒོལ་བྱ་སྲིད་པར་དམིགས་ནས་མཐའ་མཚམས་སུ་རྒྱ་ལམ་དང་ཟམ་པ། མེ་འཁོར་ལྕགས་ལམ། དམག་སྒར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་དམག་གི་ཁང་པ་དང་མཚོན་ཆ། མདེའུ་འཇོག་ཡུལ་དང་བཀོད་འདོམས་ཁང་བཅས་པ་ཇེ་བཙན་དུ་བཏང་སྟེ་བརྡ་འཕྲིན་གྱི་མཐུན་རྐྱེན་ཡར་རྒྱས། གནམ་དམག་གི་སྲུང་སྐྱོབ་སྟོབས་ཤུགས་ཡར་རྒྱས་བཏང་འདུག རྒྱ་ནག་གིས་ཨ་མི་རི་ཀས་ཚུར་རྒོལ་ལ་འཇིགས་སྣང་གིས་རྒྱ་ནག་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཐའ་མཚམས་ཁག་ལ་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ལེགས་གྲུབ་བྱུང་རུང་ཧི་མ་ལ་ཡའི་མཐའ་མཚམས་སུ་རྒྱལ་སྲུང་འཐབ་ཇུས་ལ་མཁོ་བའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་བྱ་རྒྱུ་འཐུས་ཤོར་སོང་འདུག ཉུང་མཐར་ཡང་རྒྱ་ནག་གི་དམག་དོན་གནམ་ཐང་བཞི་ལ་གཏོར་རྒོལ་འཕོག་ཆོག་ཆོག་རེད། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་གི་དམག་དོན་གནམ་ཐང་བཞི་པོ་དེ་སྔོན་ལ་གཏོར་ན་རྒྱ་ནག་གི་གནམ་དམག་ལ་འཐབ་རྒོལ་གྱི་ནུས་པ་ཉམས་ནས་རྒྱ་གར་གྱི་གནམ་དམག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་དཀའ། ཉེ་དུས་རྒྱ་ནག་གི་གནམ་དམག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་དམག་སྦྱོང་བྱས་པ་དེར་གཞིགས་ན་རྒྱ་ནག་གི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་རྣམས་ས་ཐོག་གི་བཀོད་འདོམས་དང་ལམ་སྟོན་ལ་ཤུགས་ཆེན་པོ་ཞིག་བརྟེན་དགོས་ཀྱི་འདུག དེར་བརྟེན་རྒྱ་ནག་གིས་ཁྱབ་བསྒྲགས་ཅི་ཙམ་བྱས་ཀྱང་དོན་དངོས་སུ་རྒྱ་ནག་གི་གནམ་དམག་ལ་འཐབ་འཛིང་གི་ཉམས་མྱོང་ཞན་པོ་ཡིན་པ་ར་འཕྲོད་ཀྱི་འདུག་ཅེས་གཤིབ་སྡུར་སྙན་ཐོ་དེར་བཀོད།།
སྐམ་དམག་གི་གྲངས་འབོར་དང་འཐབ་འཁྲུག་གི་ཉམས་མྱོང་། རྒྱ་གར་གཞུང་གིས་བོད་ཀྱི་ས་མཚམས་ཁག་ཏུ་དམག་གྲངས་༢༢༥༠༠༠་ཡས་མས་ཤིག་འགྲེམ་འཇོག་བྱས་ཡོད་པ་དང་རྒྱ་ནག་གིས་རྒྱ་གར་གྱི་མཐའ་མཚམས་ཁག་ཏུ་དམག་གྲངས་༢༠༠༠༠༠་ནས་༢༣༠༠༠༠་ཡས་མས་ཤིག་བཀྲམ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་དམག་གྲངས་ངོ་མ་ནི་སུས་ཀྱང་ཤེས་དཀའ། རྒྱ་གར་གྱི་གནམ་དམག་ལ་འཐབ་འཛིང་གི་ཉམས་མྱོང་ཡག་པོ་ཡོད་པ་ལྟར་རྒྱ་གར་གྱི་སྐམ་དམག་ལའང་ལོ་མང་རིང་ཀ་ཤི་མིར་གྱི་ས་གནས་ཁག་ཏུ་པ་ཀི་སི་ཐན་ལ་འཐབ་རྒོལ་བྱས་ནས་དམག་འཁྲུག་གི་ཉམས་མྱོང་ཡག་པོ་ཐོབ་འདུག རྒྱ་ནག་ལ་༡༩༧༩་ལོར་ཝྭི་ཏེ་ནམ་ལ་དུས་ཡུན་ཟླ་བ་གཅིག་གི་རིང་དུ་དམག་འཁྲུག་བརྒྱབ་པའི་ཉམས་མྱོང་མ་གཏོགས་འདས་པའི་ལོ་༤༡་གི་རིང་ལ་རྒྱ་ནག་གིས་དམག་འཁྲུག་ཅིག་བརྒྱབ་མྱོང་མེད། ༡༩༧༩་ལོའི་དམག་འཁྲུག་དུས་སུའང་ཝྭི་ཏེ་ནམ་རྒྱལ་ཁབ་ཆུང་ཆུང་དེས་རྒྱ་ནག་གི་དམག་ལ་ཚུར་རྒོལ་དྲག་པོ་བྱས་ནས་རྒྱ་ནག་ལ་ཕམ་ཉེས་ཆེན་པོ་བྱུང་བར་སྣང་། རྒྱ་ནག་གིས་བོད་དང་ཞིན་ཅང་ལ་དྲག་གནོན། ཨུ་རུ་སུའི་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་དམག་དཔུང་འཕོན་ཆེན་ཞིག་འགྲེམ་འཇོག་བྱེད་ཡོད་པ་རྣམས་རྒྱ་གར་གྱི་མཐའ་མཚམས་ཁག་ལ་འདྲེན་གཏོང་བྱ་དགོས་ཚེ། རྒྱ་གར་གྱི་གནམ་དམག་གིས་འཕྲལ་དུ་བོད་དང་ཞིན་ཅང་གི་ས་ཐོག་ཏུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཡོད་པའི་མྱུར་མགྱོགས་མེ་འཁོར་ལྕགས་ལམ་རྣམས་གཏོར་ཐུབ། དེ་ནས་རྒྱ་ནག་གིས་རྫ་རི་བྲག་རི་དང་གྲོག་རོང་། ལུང་འགག་དོག་པོ་སོགས་བརྒྱུད་ནས་རྒྱ་གར་གྱི་མཐའ་མཚམས་ཁག་ལ་རླུང་འཁོར་ནང་དུ་དམག་དཔུང་སྐྱེལ་འདྲེན་བྱ་རྒྱུ་ལས་སླ་བོ་ཞིག་མ་རེད། ལྷོ་ཕྱོགས་སུ་རྒྱ་གར་གྱིས་མཐའ་མཚམས་ཁག་ལ་མཁོ་བའི་རྒྱ་ལམ་དང་ཟམ་པ། མེ་འཁོར་ལྕགས་ལམ་དང་དམག་གི་གནམ་ཐང་སོགས་འཛུགས་སྐྲུན་ཡག་པོ་བྱས་འདུག འོན་ཀྱང་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་ལའང་རྫ་རི་བྲག་རི་དང་གྲོང་རོང་། ལུང་འགག་དོག་པོ་སོགས་ཀྱི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་རྒྱུ་ཡིན་པས་རྒྱ་ནག་གི་བཙན་འཛུལ་དམག་དཔུང་འགོག་པར་རྒྱ་གར་ལའང་དཀའ་ངལ་མེད་པ་ཞིག་མ་རེད། མདོར་ན་རྒྱ་གར་གྱི་དམག་ལ་རྒྱ་ནག་གི་མེ་སྒྱོགས་རུ་ཁག་གི་རྒོལ་རྡུང་དྲག་པོ་འཕོག་རྒྱུའི་ཉེན་ཁ་འདུག་ཅེས་བཀོད།།
རྒྱ་དཀར་ནག་གི་དཔལ་འབྱོར་སྟོབས་ཤུགས་ཁྱད་པར་དང་མཐུན་གྲོགས། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ནི་རྒྱ་གར་གྱི་དཔལ་འབྱོར་སྟོབས་ཤུགས་ལས་ལྡབ་ལྔ་ཆེ། རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ནི་རྒྱ་གར་གྱི་རྒྱལ་སྲུང་འགྲོ་གྲོན་ལས་ལྡབ་བཞི་སྤར། དེང་རབས་ཀྱི་དམག་གི་འཕྲུལ་རིག་ལག་རྩལ་དང་མཚོན་ཆ་གསར་པ། མེ་ཤུགས་འཕུར་མདེལ་བཅས་པའང་རྒྱ་ནག་ལ་མང་བ་འདུག རྒྱ་ནག་གིས་རྒྱ་གར་ལ་ཁ་གཏད་གཅོག་དགོས་ན་རང་ཉིད་གཅིག་པུས་འཐབ་རྒོལ་བྱ་དགོས་ཀྱི་འདུག རྒྱ་གར་གྱིས་པེ་ཅིང་ལ་འབྲེལ་བ་བཟང་པོ་མེད་པའི་རྒྱལ་ཁབ་ཨ་མི་རི་ཀ་དང་ཉི་ཧོང་། ཧྥ་རན་སི་དང་ཨོ་གླིང་བཅས་ལ་རྒྱལ་སྲུང་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་དམག་སྦྱོང་མཉམ་དུ་བྱེད་ཀྱི་འདུག ལྷག་པར་དུ་ཨ་མི་རི་ཀ་དང་རྒྱ་གར་གྱི་དམག་དོན་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད་པ་སྟེ། ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀས་རྒྱ་གར་ནི་རྒྱལ་སྲུང་གི་ཟླ་གྲོགས་གཙོ་བོ་ཞིག་ཡིན་ཞེས་བསྒྲགས། རྒྱ་ནག་གིས་རྒྱ་གར་ལ་དཔུང་འཇུག་ཆེན་པོ་ཞིག་བྱ་དགོས་ན་རྒྱ་ནག་ནང་ཁུལ་གྱི་དམག་སྒར་ཁག་ནས་དམག་དཔུང་འདྲེན་གཏོང་བྱ་དགོས། རྒྱ་ནག་གི་ནང་ས་ཁག་ནས་དམག་དཔུང་འབོར་ཆེན་ཞིག་རྒྱ་གར་ཕྱོགས་སུ་འདྲེན་གཏོང་བྱ་དགོས་ན་ཨ་མི་རི་ཀའི་མྱུལ་ཞིབ་འཁོར་སྐར་གྱི་མིག་འོག་ནས་ཐར་ཐབས་བྲལ། དེས་ན་ཨ་མི་རི་ཀས་རྒྱ་གར་ལ་དམག་དོན་གསང་བའི་གནས་ཚུལ་དང་མྱུལ་ཞིབ་ཀྱི་པར་རིས་རྣམས་མཁོ་སྤྲོད་བྱས་པ་ཙམ་གྱིས་རྒྱ་གར་ལ་གྲ་སྒྲིག་གི་ཕན་ཐོགས་ཆེན་པོ་འབྱུང་། རྒྱ་གར་གྱི་དམག་ལ་མཉམ་འབྲེལ་བྱས་ནས་དམག་སྦྱོང་ཁག་ཏུ་ཞུགས་མྱོང་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་དོན་མི་སྣ་ཚོས་རྒྱ་གར་གྱི་དམག་གི་འཐབ་ཇུས་དང་སྦྱོང་བརྡར། དམག་དོན་འཐབ་ཇུས་གསར་གཏོད་བཅས་པ་བསྔགས་འོས་པ་ཞིག་རེད་ཅེས་བཤད། ད་སྔ་རྒྱ་ནག་གིས་པ་ཀི་སི་ཐན་དང་ཨུ་རུ་སུའི་མཉམ་དུ་དམག་སྦྱོང་ཚད་ངེས་ཅན་ཞིག་ལས་བྱས་མྱོང་མེད་པ་རེད།།

XS
SM
MD
LG