ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་བ་དུང་ཕྱུར་གཅིག་དང་ཕྱེད་ཀར་འགོག་ཁབ་ཐུན་གཉིས་ཀ་བརྒྱབ་པ། 


༄༅།། ཕྱི་ཟླ་༦་པའི་ཚེས་༢༢་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་གཞུང་གིས་མི་གྲངས་དུང་ཕྱུར་གཅིག་དང་ཕྱེད་ཀར་སྨན་ཐུན་གཉིས་ཀའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་ཡོད་ཅིང་། གཟའ་ཟླ་བའི་ཕྱི་དྲོར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀ་བསྐྱར་དུ་ལང་གི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ནི་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཞིག་རེད། སྨན་ཁབ་བརྒྱབ་མེད་པའི་ཨ་རི་བ་ཚོས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་ཞེས་འབོད་སྐུལ་ཞུས། ཨ་མི་རི་ཀར་མི་འབོར་དུང་ཕྱུར་༣་དང་བྱེ་བ་༣་ལྷག་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་ཆ་༤༦་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ། སྨན་པ་ཨན་ཐོ་ཎི་ཧྥའོ་ཆིས་ཨ་མི་རི་ཀ་ཚབས་ཆེའི་འགོས་ནད་འདི་ལས་ཡོངས་སུ་ཐར་པར་ཉུང་མཐར་ཡང་ཨ་རི་བ་བརྒྱ་ཆ་༧༠་ནས་༩༠་ཡས་མས་ཤིག་གིས་སྨན་ཁབ་རྒྱག་དགོས་ཞེས་དམིགས་ཚད་བཟུང་བའི་ཚད་གཞི་མ་ལོངས། ཨ་རིའི་འཕྲོད་བསྟེན་མཁས་པ་ཚོས་དབྱར་དུས་འདིར་ཉེ་ཆར་རྒྱ་གར་ལ་ཁྱབ་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཨ་མི་རི་ཀར་ཁྱབ་རྒྱུ་ཉག་གཅིག་རེད། དེས་ན་འགོག་ཁབ་བརྒྱབ་མེད་པའི་ཨ་རི་བ་ཚོས་ངེས་པར་དུ་འགོག་ཁབ་རྒྱག་དགོས་ཞེས་བསྐུལ། ཨ་རིའི་གྲོང་གསེབ་ཁག་གི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་དང་སྤྱི་མཐུན་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ། མི་རིགས་ནག་པོ་དང་ཨ་རིའི་གྲངས་ཉུང་མི་རིགས་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་བདེ་འཇགས་ཡིན་མིན་ལ་དོགས་པ་ཡོད། སྨན་ཁབ་རྣམས་ཛ་དྲག་གི་ཆེད་དུ་རྒྱག་ཆོག་པའི་ཆོག་མཆན་བཀོད་པ་རེད། སྨན་ཁབ་དེར་ཉེན་ཁ་མེད་པར་མི་དམངས་ལ་རྒྱག་ཆོག་ཅེས་གཞུང་གིས་ཆོག་མཆན་བཀོད་པ་ཞིག་མིན་པའི་རྒྱུ་མཚན་བགྲངས།།

སྲིད་འཛིན་ཇཱོ་བྷ་ཌན་གྱི་ཊོས་ཊར་དྲྭ་ལམ།
སྲིད་འཛིན་ཇཱོ་བྷ་ཌན་གྱི་ཊོས་ཊར་དྲྭ་ལམ།

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཕྱོགས་གཅིག་ནས་ཨ་མི་རི་ཀའི་མི་དམངས་འགོག་ཁབ་བརྒྱབ་མེད་པ་ཚོར་སྨན་ཁབ་ངེས་པར་དུ་རྒྱག་དགོས་པའི་ནན་སྐུལ་དང་ཕྱོགས་གཞན་ཞིག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་སྐྱོར་སྤྲོད་རྒྱུ་རྒྱ་བསྐྱེད། དེ་རིང་གཟའ་མིག་དམར་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་རིའི་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་སླར་ཡང་སྨན་ཁབ་ས་ཡ་༥༥་ཞལ་འདེབས་འཐོལ་པ་སྤྲོད་རྒྱུའི་ཁས་བླངས། ཨ་རིའི་གཞུང་གིས་ཕྱི་ཟླ་༦་པའི་ཟླ་མཇུག་བར་དུ་འཛམ་གླིང་ཡོངས་ལ་སྨན་ཁབ་ས་ཡ་༨༠་ཐམ་པ་ཞལ་འདེབས་སྤྲོད་རྒྱུའི་ཁས་ལེན་བྱས་པའི་ཁོངས་ནས་སྨན་ཁབ་ས་ཡ་༢༥་སྐྱེལ་འདྲེན་བྱེད་འགོ་ཚུགས། ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་ཞལ་འདེབས་སྤྲོད་ཀྱི་ཡོད་པའི་སྨན་ཁབ་ས་ཡ་༡༤་ནི་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཁེ་རེ་བྷི་ཡན་གླིང་ཕྲན་རྒྱལ་ཁབ་ཁག་ལ་གཏོང་རྒྱུ། སྨན་ཁབ་ས་ཡ་༡༦་ནི་རྒྱ་གར་དང་བལ་ཡུལ། བྷང་ག་ལ་དང་པ་ཀི་སི་ཐན། སིངྒ་ལ་དང་ཨབ་གྷ་ཎི་སི་ཐན། མལ་དིབ་དང་འབྲུག་ཡུལ། ཧྥི་ལི་ཕིན་དང་ཝྭི་ཏེ་ནམ། ཨིན་རྡུ་ནེ་ཤི་ཡ་དང་ཐེ་ལན་ཌི། མ་ལེ་ཤི་ཡ་དང་ལའོ་སི། ཕ་ཕུ་ཨ་ནེའུ་གྷི་ཎི་དང་ཐེ་ཝན། ཁེམ་བྷོ་ཌི་ཡ་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཁག་ལ་བགོ་འགྲེམ་བྱ་རྒྱུ། སྨན་ཁབ་ས་ཡ་༡༠་ཐམ་པ་ནི་ནད་ཡམས་ཀྱི་དཀའ་ངལ་ཆེ་བའི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་སྤྲོད་རྒྱུ། འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ལ་བསྡུར་ཚེ། ཨ་མི་རི་ཀའི་སྨན་ཁབ་ཞལ་འདེབས་རྣམས་རྒྱ་མཚོའི་ནང་དུ་ཆུ་ཐིགས་ལྟ་བུ་ཞིག་ཡིན་རུང་རྒྱལ་ཁབ་ཀུན་གྱིས་སྨན་ཁབ་གཅིག་ལས་མ་བྱུང་ཡང་ཨ་མི་རི་ཀའི་སྨན་ཁབ་ཞལ་འདེབས་ལ་དགའ་བསུ་ཐོབ།།

ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱན་ས་ཀི
ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱན་ས་ཀི

ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱན་ས་ཀིས་ང་ཚོས་ཟླ་བ་འདིའི་ཟླ་མཇུག་བར་དུ་སྨན་ཁབ་ས་ཡ་༨༠་ཐམ་པ་ཞལ་འདེབས་སྤྲད་ཚར་བ་བྱ་རྒྱུའི་དམིགས་ཚད་བཟུང་བ་ཡིན། ད་ལྟ་སྨན་ཁབ་རྣམས་སྐྱེལ་འདྲེན་བྱེད་ཐུབ་པ་དང་ཚད་ལྡན་གྱི་འཁྱག་སྒམ་ནང་དུ་ཉར་འཇོག སྨན་ཁབ་ལ་སྟངས་འཛིན་དང་དམིགས་སྒོ་ཁག་ལ་བསླེབ་ཐབས་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་ཐོག་མའི་འཆར་གཞི་ལྟར་འགྲུབ་ཐུབ་ས་མ་རེད་ཅེས་བཀྲལ། ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཞལ་འདེབས་སྤྲད་པའི་སྨན་ཁབ་རྣམས་སྤྲོད་ཡུལ་རྒྱལ་ཁབ་ཁག་གི་མི་དམངས་ནད་པ་ཚོར་འཕྲོད་ཀྱི་ཡོད་མེད་རྟོག་ཞིབ་ནན་པོ་བྱ་དགོས། རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོས་ཨ་རིས་ཞལ་འདེབས་སྤྲད་པའི་སྨན་ཁབ་རྣམས་མི་དམངས་ལ་མ་བརྒྱབ་པར་ནག་ཚོང་ཁྲོམ་རའི་ནང་དུ་བཙོངས་ཏེ་སྒེར་གྱི་ཁེ་སང་ལེན་སྲིད་ཅེས་དོགས་པ་བསླངས། དཔེར་ན་ད་ལོའི་ཕྱི་ཟླ་༣་པ་ཡས་མས་སུ་རྒྱ་ནག་གི་ཀོང་ཀྲུག་སོགས་ས་གནས་ཁག་ཅིག་ཏུ་ཨ་རིའི་སྨན་ཁབ་རེར་རྒྱ་སྒོར་ཁྲི་ཚོ་གཉིས་རེ་སྤྲད་ན་རག་གི་འདུག རྒྱ་ནག་གི་འབྱོར་ལྡན་པ་ཚོས་སྨན་ཐུན་གཉིས་ཀར་རྒྱ་སྒོར་ཁྲི་ཚོ་༤་རེ་སྤྲད་ནས་འགོག་ཁབ་རྒྱག་གི་འདུག་ཅེས་གནས་ཚུལ་ཐོན། ཨ་རིའི་གཞུང་གིས་སྨན་ཁབ་སྤྲོད་ཡུལ་རྒྱལ་ཁབ་དེ་ཚོར་སྐྱེལ་འདྲེན་དང་འཁྱག་སྒམ་ནང་དུ་ཉར་འཇོག་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་མེད་ལ་གཞིགས་ནས་སྨན་ཁབ་ཞལ་འདེབས་ཀྱི་གྲངས་འབོར་འཕྲི་སྣོན་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨ་མི་རི་ཀར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་དགོས་པའི་གནོན་ཤུགས་ཆེ་རུ་སོང་། དེ་ནས་སྲིད་འཛིན་བྷ་ཌན་གྱིས་ལོ་འདིའི་ཕྱི་ཟླ་༨་ནས་ལོ་རྗེས་མའི་ཕྱི་ཟླ་༦་པའི་བར་དུ་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་དུང་ཕྱུར་༥་རོགས་རམ་སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

རྒྱལ་སྤྱིའི་འཕྲོད་བསྟེན་མཁས་པ་ཚོས་ཨ་རིའི་གཞུང་གིས་སྨན་ཁབ་ཞལ་འདེབས་སྤྲོད་རྒྱུ་ཁས་ལེན་བྱས་པ་གཅིག་པུས་འགྲིག་གི་མི་འདུག ཨ་མི་རི་ཀས་སྨན་ཁབ་བཟོ་སྦྱོར་བྱ་ཡུལ་དུ་མང་དུ་གཏོང་དགོས་ཞེས་བཤད། དེར་བརྟེན་གཟའ་ཟླ་བའི་ཉིན་གྱི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་མི་རི་ཀས་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། རྒྱ་གར་བཅས་ལ་མཉམ་འབྲེལ་བྱས་ནས་རྒྱ་གར་དང་ཨ་ཧྥི་རི་ཀའི་ས་ཐོག་ཏུ་ལོ་རྗེས་མར་སྨན་ཁབ་དུང་ཕྱུར་༡༠་ལྷག་བཟོ་སྦྱོར་བྱ་རྒྱུ་ཡིན་ཞེས་གནས་ཚུལ་སྤེལ། འདི་ནི་གོང་འཁོད་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་ཨ་མི་རི་ཀའི་སྨན་ཁབ་རྣམས་རྒྱ་གར་དང་ཨ་ཧྥི་རི་ཀའི་མཐུན་རྐྱེན་འཛོམས་པའི་རྒྱལ་ཁབ་ཁག་ལ་བཟོ་སྦྱོར་བྱེད་དུ་འཇུག་རྒྱུ། རྒྱ་གར་གཞུང་གིས་ཨ་མི་རི་ཀའི་སྨན་ཁབ་དེ་དག་གིས་མི་ལ་འཆི་སྐྱོན་དང་ཟུར་གནོད་བྱུང་ན་རྒྱ་གར་བ་ཚོས་ཨ་རིའི་སྨན་སྦྱོར་བཟོ་ཚོང་ལས་ཁུངས་ཁག་ཁྲིམས་ལ་གཏུགས་ནས་ཁ་མཆུ་འཛུགས་རྒྱུ་མིན་ཞེས་ཐག་བཅད། ཐོག་མར་ཨ་མི་རི་ཀས་རྒྱལ་ཁབ་གཞན་ལ་ཞལ་འདེབས་སྤྲོད་ཀྱི་ཡོད་པའི་སྨན་ཁབ་རྣམས་དབྱིན་ཇིས་བཟོས་པའི་སྨན་ཁབ་རྣམས་ཡིན་ཞིང་། ཨ་མི་རི་ཀས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ས་ཡ་༦༠་ལྷག་ནང་འདྲེན་བྱས་ཀྱང་དེའི་བར་དུ་ཨ་རིར་ཧྥེ་ཛར་དང་མོ་ཌེ་ན། ཇཱོན་སན་དང་ཇཱོན་སན་བཅས་སྨན་ཁབ་རིགས་གསུམ་ཐོན་པས་དབྱིན་ཇིའི་སྨན་ཁབ་དེ་བཀོལ་སྤྱོད་མ་བྱས་པར་ལུས། ཕྱི་ཟླ་༦་པའི་ཚེས་༢༡་ཉིན་ཨ་རིའི་གཞུང་གིས་སྨན་ཁབ་ས་ཡ་༥༥་ཞལ་འདེབས་འཐོལ་པ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་ཧྥེ་ཛར་དང་མོ་ཌེར་ན། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཨ་རིའི་སྨན་ཁབ་འབའ་ཞིག་ཡིན་འདུག

འདི་ཙམ་ན་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེས་མི་སུ་ཞིག་གིས་འགོག་ཁབ་མ་བརྒྱབ་ན་མི་དེ་འཛིན་བཟུང་བྱ་རྒྱུ་ཡིན། ངས་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་འགོག་ཁབ་མི་རྒྱག་པའི་མི་རྣམས་བཙོན་འཇུག་བྱ་རྒྱུ་ཡིན། ཁྱོད་ཚོས་འགོག་ཁབ་རྒྱག་པའམ། ཡང་ན་བཙོན་ཁང་དུ་འགྲོ་རྒྱུ་གཉིས་ཀྱི་གཅིག་གདམ་དགོས་ཞེས་བཀའ་བསྒྲགས། ཧྥི་ལི་ཕིན་གྱི་མི་མང་ཁག་ཅིག་གིས་སྨན་ཁབ་ལ་དོགས་པ་བྱས་པ་དང་མི་མང་ཕལ་ཆེ་བར་སྨན་ཁབ་འདང་ངེས་མེད་པའི་དཀའ་ངལ་འཕྲད། པ་ཀི་སི་ཐན་ལ་རྒྱ་ནག་གི་སྨན་ཁབ་ས་ཡ་༡་དང་ཕྱེད་ཀ་འབྱོར་ཟིན་པ་དང་སྨན་ཁབ་ས་ཡ་༢་བདུན་ཕྲག་འདིར་འབྱོར་གྱི་ཡོད་མོད། འོན་ཀྱང་པ་ཀི་སི་ཐན་གཞུང་གིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་ནས་སྨན་ཁབ་ས་ཡ་༡༣་མངགས་ཉོ་བྱས་ཏེ་ལོ་མཇུག་འདིར་པ་ཀི་སི་ཐན་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྣམས་འབྱོར་རྒྱུ། ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་པ་དང་པ་ཀི་སི་ཐན་ལ་ཐད་ཀར་སྨན་ཁབ་རོགས་རམ་སྤྲོད་རྒྱུ། རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་ནད་ཡམས་བརྟག་དཔྱད་མཁས་པ་ཧྲའོ་དབྱི་མཱིང་གིས་དབུས་བརྙན་འཕྲིན་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་བརྒྱ་ཆ་བརྒྱ་མེད་པས་ང་ཚོ་ཏོག་དབྱིབས་ནད་དུག་ལས་ཡོངས་སུ་ཐར་པར་ཉུང་མཐར་ཡང་རྒྱ་ནག་མི་དམངས་བརྒྱ་ཆ་༨༠་ནས་༨༥་ཙམ་གྱིས་འགོག་ཁབ་རྒྱག་དགོས་ཞེས་བསྟན། རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་ཞན་པས་སྨན་ཐུན་གཉིས་ཀ་བརྒྱབ་ཀྱང་ནད་དུག་འགོག་མ་ཐུབ། བདུན་ཕྲག་སྔོན་མར་ཨིན་རྡུ་ནེ་ཤི་ཡའི་ས་གནས་ཁག་ཏུ་རྒྱ་ནག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའི་སྨན་པ་དང་སྨན་ཞབས་པ་༣༥༠་ལྷག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG