ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྨན་ཁབ་བརྒྱབ་ཟིན་པའི་ཨིན་རྡུ་ནེ་ཤི་ཡའི་སྨན་པ་ཚོར་ནད་དུག་འགོས།


༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་༣༥༠་ལྷག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་ཁག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༡༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཇཱ་ཀ་ཏ་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་སྨན་ཁང་ཁག་ཏུ་སྨན་བཅོས་བྱེད་བཞིན་པ་དང་རང་ཁྱིམ་དུ་ཟུར་འགོག་བྱེད་ཡོད་པའི་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་དེ་དག་ལ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཀྱང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོག་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། ཇཱ་ཝྭ་མཚོ་གླིང་གི་ཀུ་དྷུ་སི་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ཁྲིད་ཨི་སི་མོ་ཡོ་ཞེས་པ་ཞིག་གིས་ང་ཚོའི་ས་གནས་ཀྱི་སྨན་པ་དང་སྨན་ཞབས་པ་མང་ཆེ་བར་ནད་རྟགས་ཐོན་མ་ཐག་ཏུ་རང་ཁྱིམ་ལ་ཟུར་འགོག་བྱས་པ་ཡིན། འཕྲོད་བསྟེན་ལས་སྣེ་བཅུ་ཕྲག་འགའ་ཞིག་ལ་ཚ་བ་འཕར་བ་དང་འཚོ་རླུང་ཉམས་ཏེ་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱེད་ཀྱི་ཡོད། ཀུ་དྷུ་སི་རྫོང་ལ་འཕྲོད་བསྟེན་ལས་སྣེ་༥༠༠༠་ཡས་མས་ཤིག་ཡོད་པ་དེ་དག་གིས་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་དེར་འགོག་རྒོལ་བྱེད་ཀྱི་ཡོད་ཀྱང་སྨན་ཁང་ཁག་གི་ཉལ་ས་བརྒྱ་ཆ་༩༠་ལྷག་ཁེངས་ཚར་སོང་ཞེས་བཤད། ༢༠༢༡་གི་ཕྱི་ཟླ་དང་པོ་ནས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནང་འདྲེན་བྱས་ནས་སྨན་པ་དང་སྨན་ཞབས་པ་ཚོར་སྔོན་ལ་འགོག་ཁབ་བརྒྱབ།།

ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཨི་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལས་སྣེ་༡༥༨་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག ཕྱི་ཟླ་༥་པའི་ནང་དུ་ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལས་སྣེ་ཚོར་འཆི་སྐྱོན་འཕོག་རྒྱུ་མི་༡༣་བར་དུ་ཇེ་ཉུང་ལ་སོང་། འོན་ཀྱང་ད་ལྟ་ཇཱ་ཝྭ་མཚོ་གླིང་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཚར་བའི་འཕྲོད་བསྟེན་ལས་སྣེ་ཚོར་བསྐྱར་དུ་ནད་དུག་འགོ་ཡི་ཡོད་པ་ནི་བློ་འཚབ་བྱེད་དགོས་པའི་གནད་དོན་ཚབས་ཆེན་ཞིག་རེད་ཅེས་འཕྲོད་བསྟན་མཁས་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་སྟེ། ཨོ་གླིང་རྒྱལ་ཁབ་ཀྱི་གྷེ་རི་ཧྥི་ཐེ་སློབ་གྲྭ་ཆེན་མོའི་ནད་ཡམས་བརྟག་དཔྱད་རིག་པའི་མཁས་པ་བྷུ་ཌི་མན་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ཇཱོ་ཝྭ་མཚོ་གླིང་གི་ཀུ་དྷུ་སི་རྫོང་གི་ནད་པ་ཚོར་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་འདུག ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལས་སྣེ་ཚོར་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་ཡི་ཡོད་པ་ནི་ཁྱད་མཚར་ཞིག་མ་རེད། ཅིའི་ཕྱིར་ཞེ་ན་ཁོ་ཚོ་ཚང་མར་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་པ་རེད། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་ཚོར་དངོས་འབྲེལ་ནད་དུག་འགོག་ཐུབ་པའི་ནུས་པ་ཡོད་མེད། ལྷག་པར་དུ་ངོ་བོ་འགྱུར་བ་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་པའི་ནུས་པ་ཡོད་མེད་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ཅེས་བཤད། གསར་འགོད་པ་ཚོས་རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལ་རྒྱ་ནག་གི་སྨན་ཁབ་དེ་ཚོས་ངོ་བོ་འགྱུར་བ་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོག་ཐུབ་མིན་དྲིས་ཀྱང་ལན་འདེབས་བྱེད་ཀྱི་མེད་པར་མ་ཟད། རྒྱལ་ཁབ་མང་དག་ཅིག་གི་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་བརྒྱབ་ནས་ཕན་ཐོག་མ་བྱུང་བར་ཨ་རིའི་སྨན་ཁབ་གསུམ་པ་ཞིག་རྒྱག་དགོས་ཐུག་གི་ཡོད་འདུག

༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་ཨིན་རྡུ་ནེ་ཤི་ཡའི་མི་གྲངས་༡༩༠༠༠༠༠་ལྷག་ལ་ནད་དུག་འགོས་པ་དང་༥༣༥༥༠་ལྷག་ལ་འཆི་སྐྱོན་ཕོག འཆི་སྐྱོན་ཕོག་པ་དེ་དག་གི་གྲས་སུ་ཨི་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་༩༤༦་འདུས། ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལྷན་ཁང་གི་ལས་སྣེ་ཨི་ཀ་ཝ་ཏི་ཞེས་པ་ཞིག་གིས་སྐྱེ་བོ་མང་དག་ཅིག་ཏོག་དབྱིབས་ནད་ཡམས་ལ་སུན་སྣང་སྐྱེས། འགོག་ཁབ་བརྒྱབ་པའི་རྗེས་སུ་མི་མང་གིས་ནད་དུག་སྔོན་འགོག་གི་འཕྲོད་བསྟེན་ལམ་སྟོན་ལ་བརྩི་མེད་བཏང་ནས་འཛེམ་ཟོན་བྱ་རྒྱུ་དེར་འཐུས་ཤོར་འགྲོ་བཞིན་འདུག ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་ཉུང་མཐར་ཡང་ས་གནས་ཀུན་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་པའམ། ཡང་ན་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཚར་བའི་སྨན་པ་༥་རེ་དང་སྨན་ཞབས་པ་གཅིག་རེར་འཆི་སྐྱོན་འཕོག་གི་འདུག་ཅེས་བཀྲལ། ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་མཁས་པ་མང་དག་ཅིག་གིས་རྒྱལ་ཁབ་དེར་ཏོག་དབྱིབས་ནད་རླབས་བསྐྱར་དུ་འཕྱུར་ནས་དཀའ་ངལ་ཚབས་ཆེན་དེ་གཞུག་ལ་འཕྲད་རྒྱུའི་དོགས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་ལས་སྣེ་སི་ཏི་ན་ཌི་ཡ་ཏར་མཱི་ཛིས་འགོག་ཁབ་བརྒྱབ་ནས་བཟུང་སྟེ་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་ཅི་ཙམ་ལ་འཆི་སྐྱོན་བྱུང་མིན་འདྲི་རྩད་བྱས་པར་ལན་འདེབས་མ་བྱུང་། ཁོང་གིས་བདུན་ཕྲག་འགའ་ཞིག་གི་སྔོན་ནས་ཀུ་དྷུ་སི་རྫོང་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་སྟེ་མི་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་འཕྲོད་བསྟེན་ལས་སྣེ་རྣམས་འདུག ཁོ་ཚོར་ནད་རྟགས་ཚབས་ཆེན་ཞིག་ཐོན་མི་འདུག་ཅེས་བཤད། རྒྱལ་ས་ཇཱ་ཀ་ཏའི་སྨན་པ་སི་དིབ་ར་ཏོ་མོ་ཞེས་པ་ཞིག་གིས་རོ་ཡེ་ཊར་སི་གསར་ཁང་ལ་ངས་ངོ་ཤེས་པའི་སྨན་པ་ལྔ་དྲུག་ཅིག་ཟླ་བ་སྔོན་མར་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་སོང་། ཁོ་ཚོ་ཚང་མར་འགོག་ཁབ་བརྒྱབ་ཡོད་པ་རེད། ང་ཚོས་སྨན་ཁབ་གཅིག་པུར་ཡིད་ཆེས་བྱེད་མི་ཉན། ཀུན་གྱིས་ཏོག་དབྱིབས་ནད་ཡམས་འདིར་སྔར་བཞིན་འཛེམ་ཟོན་དང་གཟབ་ནན་བྱེད་དགོས་ཀྱི་འདུག་ཅེས་ཉེན་བརྡ་བཏང་འདུག

ཉེ་ཆར་ཁ་ཆེའི་སྨྱུང་གནས་ཟླ་བའི་དུས་ཆེན་གྲོལ་བའི་གུང་སེང་གཞུག་དེར་ཨིན་རྡུ་ནེ་ཤི་ཡར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་བརྒྱ་ཆ་༢༣་འཕར། ཇཱ་ཀ་ཏ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ཕུར་བུ་གཅིག་པུར་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༦༢༤་ཐོན་པ་དང་མི་༢༧༧་ལ་འཆི་སྐྱོན་ཕོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་འགྲོ་འོང་བཀག་སྡོམ་བྱ་དགོས་ཞེས་ནན་སྐུལ་བྱས་ཤིང་། ཟླ་བ་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་བཀོད། སྨན་ཁབ་གསར་པ་གང་འདྲ་ཞིག་ལ་ནད་འགོག་གི་ནུས་པ་བརྒྱ་ཆ་༥༠་ཡོད་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆོག་མཆན་འགོད། རྒྱ་ནག་གི་སྨན་ཁབ་བརྒྱབ་པ་དེ་དག་ལ་ནད་འགོག་གི་ནུས་པ་བརྒྱ་ཆ་༥༡་ཡས་མས་ཤིག་ལས་མ་ཐོན། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛི་དང་ཆི་ལེ་གཉིས་སུ་རྒྱ་ནག་གི་སྨན་ཁབ་བརྒྱབ་ནས་མི་མང་ལ་ཚོད་ལྟ་བྱས་ཀྱང་རྒྱ་ནག་མི་དམངས་ཀྱིས་སྨན་ཁབ་དེ་ཚོར་དོགས་ཟོན་བྱས་ནས་རྒྱག་གི་མེད་ཅིང་། བྷ་རེན་རྒྱལ་ཁབ་ཀྱི་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་བརྒྱབ་ཀྱང་ཕན་ཐོགས་མ་བྱུང་བར་ཨ་རིས་བཟོས་པའི་ཧྥེ་ཛར་དང་མོ་ཌེར་ན་སོགས་སྨན་ཐུན་གསུམ་པ་ཞིག་བརྒྱབ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་དགོས་ཐུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG