ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཐམས་ཅད་སྒོ་རྒྱ་བསྡམས།


༄༅།། རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༣་པའི་ཚེས་༣༡་ཉིན་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་བའི་ནད་པ་གསར་པ་༡༧༨༧་ཐོན་སོང་། མི་དེ་དག་གི་གྲས་ཀྱི་མི་༣༥༨་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པ་དང་མི་༥༤༤༢་ལ་ནད་མནར་མ་བྱུང་བར་ནད་རྟགས་ཐོན་སོང་། ཁོ་ཚོའི་གྲས་ཀྱི་མི་༤༡༤༤་ཧྲང་ཧེ་གྲོང་ཁྱེར་དུ་འདུག་ཅེས་བསྒྲགས། ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ནད་རྟགས་མ་ཐོན་པར་ནད་དུག་འགོས་ཡོད་པའི་ནད་པ་རྣམས་རྩལ་སྦྱོང་ཁང་དང་འགྲེམ་སྟོན་ཁང་སོགས་གནས་སྐབས་ཀྱི་ཟུར་འགོག་ཁང་དེ་དག་གི་ནང་དུ་ལོགས་སུ་འགོག་གི་ཡོད་པའི་གནས་ཚུལ་ཐོན། དེ་རིང་ཕྱི་ཟླ་༤་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་འདི་ནས་ཧྲང་ཧེ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཐམས་ཅད་སྒོ་རྒྱ་བསྡམས་ནས་འགྲིམ་འགྲུལ་འགོག་རྒྱུ་མགོ་བརྩམས། ཧྲང་ཧེ་གྲོང་ཁྱེར་གྱི་གྲོང་མི་ས་ཡ་༡༦་ལ་བརྟག་དཔྱད་བྱས་ཟིན་ཡོད་པ་དང་གྲོང་ཁྱེར་དེའི་ཤར་ཕྱོགས་སུ་ཉིན་བཞི་ལ་སྒོ་རྒྱ་བསྡམས་པ་ལྷུག་ཡངས་གཏོང་དགོས་ཀྱང་ཏོག་དབྱིབས་ནད་དུག་མུ་མཐུད་དུ་ཁྱབ་ཀྱི་ཡོད་པས་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་བྱེད་སྲིད་ཅེས་གྲོང་མི་ཚོར་བརྡ་ཐོ་འབྱོར་འདུག ཧྲང་ཧེ་གྲོང་ཁྱེར་གྱི་མི་འབོར་ཡོད་དོ་ཅོག་ལ་བརྟག་དཔྱད་རིམ་པ་གཉིས་བྱས་ནས་ཉིན་༨་ལ་བརྟག་དཔྱད་བྱས་པས་འཛམ་གླིང་གི་ཁྲོམ་ར་དང་ཚོང་ལས་སོགས་ལ་འགོག་རྐྱེན་འཕྲད་རྒྱུའི་བློ་འཚབ་ཆེན་པོ་བྱུང་། དེ་རིང་གཟའ་པ་སངས་ནས་ཧྲང་ཧེ་གྲོང་ཁྱེར་གྱི་ཧོང་ཕུ་ཆུ་བོའི་ནུབ་ཕྱོགས་ཀྱི་གྲོང་མི་ཚོར་ཉིན་བཞིའི་རིང་བརྟག་དཔྱད་བྱས་ནས་རང་ཁྱིམ་དུ་འགོག་རྒྱུ། ཁོ་ཚོ་རང་གི་གྲོང་གླིང་ཁག་བརྒལ་ནས་ཐག་རིང་དུ་བསྐྱོད་མི་ཆོག་པ་དང་གྲོང་གླིང་ཁག་ཅིག་གི་རྒྱལ་སྒོ་དེ་ཚོར་ཕྱི་ལོགས་ནས་ཟྭ་བརྒྱབ་སྟེ་བཟའ་བཏུང་རྣམས་ལེན་ས་ཞིག་བཀོད་སྒྲིག་བྱེད་ཡོད་པ་དེར་སྐྱེལ་རྒྱུ། གྲོང་མི་རྣམས་ཕན་ཚུན་ཐུག་འཕྲད་བྱེད་མི་ཆོག་པའི་གནས་ཚུལ་ཐོན།།

ཧྲང་ཧེ་གྲོང་ཁྱེར་དུ་ཏོག་ནད་བརྟག་དཔྱད་བྱེད་བཞིན་པ།
ཧྲང་ཧེ་གྲོང་ཁྱེར་དུ་ཏོག་ནད་བརྟག་དཔྱད་བྱེད་བཞིན་པ།

ཕྱི་ཟླ་༤་པའི་ཚེས་༡་ཉིན་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཁག་ལ་རྒྱུས་མངའ་ཡོད་པའི་མི་ཚོས་ཝོལ་སི་ཊི་རི་ཊི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ཧྲང་ཧེ་གྲོང་ཁྱེར་གྱི་རྒན་གསོ་ཁང་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒན་རྒན་མང་དག་ཅིག་ལ་འཆི་སྐྱོན་ཕོག རྒྱ་ནག་གཞུང་གིས་ཡོངས་གྲངས་སུ་ངོས་ལེན་མ་བྱས་ཀྱང་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་རླབས་ཤིག་འཕྱུར་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད། ད་ལོའི་ཕྱི་ཟླ་༣་པར་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱང་གྲོང་ཁྱེར་སྲིད་གཞུང་གིས་རང་གི་མངའ་ཁོངས་སུ་རྒན་གསོ་ཁང་བརྒྱ་ཕྲག་འགའ་ཞིག་ཡོད་པ་དེ་དག་གི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་ཡོད་མེད། རྒན་གསོ་ཁང་དེ་དག་གི་ནང་དུ་རྒན་རྒོན་ཅི་ཙམ་ལ་དུག་འགོས་ནས་འཆི་སྐྱོན་བྱུང་ཡོད་མེད་ཀྱི་གཞི་གྲངས་གསལ་པོ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད་ཅིང་། ཏུང་ཧེ་རྒན་གསོ་ཁང་གི་ནད་པ་དྲུག་སྨན་ཁང་དུ་བསྐྱལ་ཡོད་པ་དེ་དག་གིས་ཝོལ་སི་ཊི་རི་ཊི་གསར་ཁང་གི་གསར་འགོད་པར་ང་ཚོའི་རྒན་གསོ་ཁང་དུ་ཉུང་མཐར་ཡང་མི་༡༠༠་སྐོར་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་སོང་། ང་ཚོས་རྒན་གསོ་ཁང་དུ་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་མིའི་ཕུང་པོ་འཁྱེར་གྱི་ཡོད་པ་མཐོང་ཐོས་བྱུང་སོང་ཞེས་བཤད། རྒད་པོ་ཞིག་གིས་ང་ལ་གཟའ་ཟླ་བའི་ཉིན་འདས་པོ་ཞིག་ལ་གྱོན་གོས་གཡོགས་བཅུག་སོང་། ད་ལྟ་ང་ལ་ཏོག་དབྱིབས་ནད་དུག་འགོས་འདུག ང་ནི་གཤིན་པོའི་རོ་ལ་ཧ་ཅང་སྐྲག་གི་ཡོད་ཅེས་གསར་འགོད་པར་ནང་མོལ་བྱས་ཤིང་། རྒན་རྒོན་གཞན་ཞིག་གིས་གསར་འགོད་པར་མ་གིར་ལྟོས་དང་། མཚན་མོར་སྨན་ཁང་གི་རྒྱལ་སྒོའི་འགྲམ་དུ་རོ་འདྲེན་རླངས་འཁོར་ལྔ་དྲུག་ཅིག་བཞག་ཡོད་པ་དེ་དག་གི་ནང་དུ་ཕུང་པོ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད་ཅེས་བསྟན།།

སྐྱེས་པ་ཞིག་གིས་ཝོལ་སི་ཊི་རི་ཊི་གསར་ཁང་གི་གསར་འགོད་པར་ངའི་གྲོགས་པོ་ཞིག་གི་ཨ་ཕ་བདུན་ཕྲག་སྔོན་མར་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་གྲོངས་འདུག སྨན་ཁང་དེར་ཚུད་པའི་ནད་པ་གཞན་ཚོས་མི་བཅུ་ཕྲག་འགར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་ཕུང་པོ་མཐོང་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག རྒྱ་ནག་གི་སྤྱི་ཚོག་དྲྭ་ལམ་ཆེ་ཁག་བདུན་བརྒྱད་ཅིག་ལ་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་འབྱུང་གི་ཡོད་པ་རྣམས་སྲིད་གཞུང་གིས་ཕྱིར་བསྒྲགས་བྱེད་ཀྱི་འདུག་ཅེས་མཆན་བྲིས། ཇཱོ་ཡེ་ཀྲུའུ་ཞེས་པའི་ཧང་ཧེ་ནུབ་ཕྱོགས་ཀྱི་གྲོང་མི་ཞིག་གིས་ངའི་མེས་མོ་ལོ་ན་༩༢་ལ་སོན་ཡོད་པ་དེ་གང་དུ་ཡོད་མེད་རྙེད་ཀྱི་མི་འདུག མེས་མོའི་རྒན་གསོ་ཁང་གི་སྨན་པ་དང་ལྟ་རྟོག་པ་རྣམས་ཟུར་འགོག་ཁང་དུ་ཁྲིད་ནས་ཉིན་འགའ་ཞིག་ཕྱིན་སོང་ཞེས་བཤད། ཧྲང་ཧེ་གྲོང་ཁྱེར་གྱི་ཏུང་ཧེ་སྨན་ཁང་ནི་སྒོ་ཕྱེ་ནས་ལོ་༢༠་ལས་ཕྱིན་མེད་པ་དང་སྨན་ཁང་དེར་ནད་པ་༡༨༠༠་ཉལ་ཡོད་པར་མ་ཟད། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་སྨན་ཁང་དེའི་ཝི་པོ་དྲྭ་ཚིགས་སུ་ང་ཚོས་ཉིན་༡༣་གྱི་སྔོན་ནས་སྒོ་རྒྱ་བསྡམས་པ་ཡིན། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་ས་གནས་གཞན་ལ་སྤོས་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། ཡིན་ནའང་ཏུང་ཧེ་སྨན་ཁང་དུ་ཏོག་དབྱིབས་ནད་དུ་ཇི་ལྟར་ཁྱབ་པ་དང་དུས་ནམ་ཞིག་ཁྱབ་མིན་སོགས་གསལ་བཀྲོལ་མ་བྱུང་། སྨན་ཁང་དེར་ལོ་༡༥་ཡས་མས་ཤིག་ལ་ཆེད་ལས་སྒྲུབ་པའི་རྒན་མོ་ཀྲང་ཨེ་ཀྲེན་ཟེར་བ་ཞིག་གིས་ང་ཚོ་ཕྱི་ཟླ་༣་པའི་ཚེས་བཅུ་དགུའི་དགོང་མོར་རླངས་འཁོར་ནང་དུ་ཁྲིད་ནས་ཟུར་འགོག་ཁང་དུ་སྐྱེལ་བྱུང་། ང་ཚོ་མང་དག་ཅིག་ལ་ནད་རྟགས་ཐོན་པ་དེ་དག་གི་གྲས་སུ་སྨན་པ་དང་སྨན་ཞབས་པའང་འདུག ང་ཚོ་བདུན་ཕྲག་སྔོན་མར་རྩེད་ཐང་ཞིག་གི་ཟུར་འགོག་ཁང་དུ་མ་བསྐྱལ་སྔོན་དེར་མགྲོན་ཁང་ཞིག་ཏུ་བདུན་ཕྲག་གཅིག་བཀག་སོང་། སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ཞབས་ཞུ་བ་སོགས་མི་ཚང་མར་ནད་དུག་འགོས་འདུག་ཅེས་བཤད་འདུག

ཅི་ལེན་ཞིང་ཆེན་དུ་དུག་སེལ་བྱེད་བཞིན་པ།
ཅི་ལེན་ཞིང་ཆེན་དུ་དུག་སེལ་བྱེད་བཞིན་པ།

ཕྱི་ཟླ་༤་པའི་ཚེས་༡་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཅིན་ལིན་ཞིང་ཆེན་གྱི་ཁྲང་ཁྲུན་གྲོང་ཁྱེར་དུའང་ཏོག་དབྱིབས་ནད་དུག་ཁྱབ་ནས་སྒོ་རྒྱ་བསྡམས། ཁྲང་ལི་ཕིང་ཞེས་པའི་རྒྱ་མོ་ཞིག་གིས་རང་གི་ཁྱོ་ག་མཁལ་མ་ནད་པ་ཅན་དེ་གང་དུ་འཁྲིད་དགོས་པ་མ་ཤེས་པར་སྨན་ཁང་ཞིག་གི་ཕྱི་ལོགས་སུ་སྨན་ཞབས་པར་ཁྱ་གར་སྨན་བཅོས་བྱེད་རོགས་གནང་ཞེས་ཞུ་བ་འཐེན། ཁྲང་ལི་ཕིང་གི་ཁྱོ་གའི་ལུས་ཁྲག་གསང་བཟོ་བྱེད་མ་ཐུབ་པར་ཉིན་བཞི་འདས་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ནད་པ་ཚོར་རྒྱུན་ལྡན་གྱི་སྨན་བཅོས་བྱ་རྒྱུ་སྲིད་ཐབས་མེད་པ་ཞིག་ཏུ་གྱུར། ཁོ་ཚོ་སྨན་ཁང་གང་དུ་ཕྱིན་ཀྱང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱས་ནས་ནད་པ་གཞན་ལ་ལྟ་རྟོག་བྱེད་ཐུབ་ཀྱི་མི་འདུག་ཅེས་ཕྱིར་སློག་བྱས་འདུག ཁྲང་ལི་ཕིང་གིས་ངའི་ཁྱོ་གས་ཉིན་༤་ལ་བཟའ་བཏུང་གང་ཡང་བྱས་མེད་པ་དང་ཡུན་རིང་སྒུག་དགོས་ན་འཆི་རྒྱུ་ཉག་ཅིག་རེད་ཅེས་བཤད། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཁྲང་ཁྲུན་གྲོང་ཁྱེར་གཞུང་ལ་ཁྲང་ལི་ཕིང་གི་ཁྱོ་ག་ལྟ་བའི་ནད་པ་ཚོའི་དཀའ་ངལ་ཇི་ལྟར་སེལ་ཐབས་བྱེད་ཀྱི་ཡོད་ཅེས་དྲིས། ཁྲང་ཁྲུན་གྲོང་ཁྱེར་གཞུང་གིས་ང་ཚོས་དཀའ་ངལ་དེ་རྣམས་སེལ་ཚར་བ་ཡིན། ང་ཚོའི་ས་གནས་སུ་ནད་པ་ཚོར་སྨན་བཅོས་བྱ་ཡུལ་སྨན་ཁང་མེད་པའི་དཀའ་ངལ་མེད་ཅེས་ལན་བཏབ། ཧོང་ཀོང་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་འཕྲོད་བསྟེན་བདེ་འཇགས་མཁས་པ་ཎི་ཀོ་ལ་སི་ཐོ་མ་སིས་དེང་སྐབས་རྒྱ་ནག་མི་དམངས་ལ་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་དང་སྤྱི་ཚོགས་ལ་བདེ་འཇགས་མེད་པར་འགྱུར་རྒྱུ། དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་པ་བཅས་ཀྱི་བློ་འཚབ་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་མི་དམངས་རྣམས་གཞུང་གི་ནད་འགོག་སྲིད་ཇུས་ལ་ཡིད་ཆེས་བརླགས། པེ་ཅིང་གི་འགོ་ཁྲིད་ཚོ་མི་དམངས་དུང་ཕྱུར་༡༤་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ན་རྒྱ་ནག་དམར་ཤོག་གི་སྲིད་དབང་བརྟན་རྒྱུ་ཡིན་མིན་ལ་འཇིགས་སྣང་བྱུང་སྟེ་ནད་དུག་སྔོན་འགོག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བཀྲལ།།

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་བཟོ་གྲྭ་སོགས་སྒོ་བརྒྱབ་ནས་དངོས་ཟོག་བཟོ་སྐྲུན་གྱི་ལས་རིགས་རྣམས་ཟླ་བ་ལྔའི་ནང་དུ་བྱུང་མྱོང་མེད་པ་ཞིག་ཉུང་དུ་སོང་། ཧང་ཧེ་གྲོང་ཁྱེར་གྱི་དང་བླངས་པ་ཚོས་ནད་འགོག་གི་གྱོན་ཆས་སྤྲས་ནས་ཁྱིམ་ཚང་རེ་རེ་དང་ས་ཁུལ་རེ་རེ་བཞིན་རྒྱང་བསྒྲགས་ནང་དུ་བརྟག་དཔྱད་བྱེད་དུ་ཤོག་ཅེས་མི་གྲངས་ས་ཡ་༢༦་ཡོད་པ་དེ་རྣམས་གང་དུ་བརྟག་དཔྱད་བྱེད་དུ་འགྲོ་དགོས་མིན་བརྡ་བརྒྱབ། བརྟག་དཔྱད་བྱེད་མཁན་མང་དྲགས་ཏེ་ཉུང་མཐར་ཡང་མི་ཚོས་དུས་ཡུན་སྐར་མ་༩༠་ལྷག་སྒུག་དགོས་ཤིང་། ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་དམངས་འགྲིམ་འགྲུལ་མཚམས་བཞག་པ་དང་རྒྱ་ལམ་རྣམས་བཀག མི་ཚོགས་ཆེ་བའི་གྲོང་ཁྱེར་དེའི་འཚོ་བ་ནི་འཇམ་ཐིང་ཇེར་གྱུར། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དང་ཅིན་ལིན་ཞིང་ཆེན་གྱི་ཁྲང་ཁྲུན་གྲོང་ཁྱེར་སོགས་ལ་འགྲོ་འོག་བཀག་སྡོམ་བྱེད་ཀྱི་ཡོད་པར་བལྟས་ཚེ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཁུངས་འཁྱོལ་གྱི་མེད་པ་ར་འཕྲོད། རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་མང་ཚོགས་འདོད་པ་མེད་ཀྱང་མངོན་སུམ་འཛེམ་མེད་ཀྱིས་དེ་ལ་ངོ་རྒོལ་བྱེད་མི་ཕོད། ཁ་སང་གཟའ་ཕུར་བུའི་ཉིན་ཧང་ཧེ་གྲོང་ཁྱེར་གྱི་མཐོ་རིམ་འགོ་ཁྲིད་མ་ཁྲུན་ལེས་གསར་འགོད་ལྷན་ཚོགས་བསྐོངས་ནས་ང་ཚོས་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་བྱེད་ཐུབ་མི་འདུག མི་མང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་ང་ཚོས་ཁ་ཞེ་གཉིས་ཀྱིས་ངོས་ལེན་བྱས་ཏེ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལ་ཤུགས་སྣོན་རྒྱག་གི་ཡོད་ཅེས་གྲོང་ཁྱེར་གཞུང་གི་ལས་དོན་འཐུས་ཤོར་ཕྱིན་པ་ངོས་ལེན་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG