ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

སྐྱེ་དགུ་མདོར་བོད་པ་ཞིག་གིས་རང་ལུས་མེར་སྲེག


༄༅།། བོད་ནང་གི་ཡུལ་ཤུལ་སྐྱེ་དགུ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་སྒོ་ཁར་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག དེ་ཡང་གནས་ཚུལ་དངོས་མཐོང་བྱུང་བ་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། རེས་གཟའ་ལྷག་པའི་ཉིན་བོད་པ་ཞིག་གིས་ཡུལ་ཤུལ་སྐྱེ་དགུ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་མདུན་དུ་རང་ལུས་མེར་སྲེག་གཏོང་མཁན་དེ་བོད་པ་སྐྱེས་པ་ཞིག་ཡིན་པ་དང་རླངས་འཁོར་ནང་དུ་རང་ལུས་མེར་སྲེག་བཏང་མ་ཐག་ཏུ་མེ་གསོད་ཐབས་བྱས་ནས་སྨན་ཁང་དུ་ཁྱེར་ཏེ་སྲོག་སྐྱོན་བྱུང་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། རང་ལུས་མེར་སྲེག་གཏོང་མཁན་གྱི་མིང་དང་ལོ་རྒྱུས་སོགས་གསལ་པོ་ཞིག་ཤེས་ཀྱི་མེད་པར་མ་ཟད། སྐྱེས་པ་དེས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ཤེས་རྟོགས་མི་ཐུབ་ཀྱང་གོ་ཐོས་ལ་དངུལ་སྒོར་གྱི་གྱོད་གཞི་ཞིག་ཁྲིམས་ཁང་ལ་གཏུག་བཤེར་བྱས་ནས་མཐའ་མཇུག་རྒྱལ་ཕམ་གྱི་གྲུབ་འབྲས་ཡག་པོ་ཞིག་མ་ཐོན་པར་ཁྲིམས་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་བཏང་བ་རེད་ཟེར་གྱི་འདུག་མོད། འོན་ཀྱང་སྐད་ཆ་དེ་ཚོ་དངོས་བདེན་ཅི་ཡིན་ཤེས་རྟོགས་ཐུབ་དཀའ། ད་ལྟའི་ཆར་རྒྱ་གཞུང་གིས་དྲྭ་ལམ་ཞིབ་བཤེར་དང་དྲྭ་ལམ་བཀག་སྡོམ་ཤུགས་ཆེན་པོ་ཡོད་སྟབས་གནས་ཚུལ་ཞིབ་ཕྲ་བཤད་ཐུབ་ཀྱི་མེད་ཅིང་། རང་ལུས་མེ་སྲེག་གི་སྐབས་སུ་སྐད་འབོད་བརྒྱབ་ཡོད་མེད་གོ་ཐོས་བྱུང་མེད་ཀྱང་རིམ་བཞིན་གནས་ཚུལ་ཁ་གསལ་ཤེས་པ་དང་མཁོ་སྤྲོད་བྱེད་ཆོག་ཅེས་འགྲེལ་བརྗོད་གནང་འདུག

ད་ཐེངས་ཀྱི་གསར་འགྱུར་མཁོ་སྤྲོད་པ་དེ་བོད་ནང་གི་ས་གནས་དེར་གཏན་སྡོད་བྱེད་མཁན་ཞིག་ཡིན་པས་དོ་བདག་གི་བདེ་འཇགས་ཆེད་དུ་མིང་དང་ཁ་བརྡ་བྱས་པའི་སྒྲ་སྐད་རྣམས་གསར་འགྱུར་ནང་དུ་གཏོང་འདོད་པ་མེད་པ་དང་། བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་ཕྱི་ཚེས་༣༠་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༠་པ་ཡས་མས་སུ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་ལོ་ཚོད་ཆེ་བའི་བོད་མི་སྐྱེས་པ་ཞིག་གིས་རང་ལུས་མེ་སྲེག་བཏང་ཡོད་འདུག་ཅེས་བཀོད་འདུག འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དུ་གནས་ཚུལ་དེར་རྩད་ཞིབ་བྱས་ནས་ཞིབ་ཕྲ་ཤེས་མཚམས་སུ་རྒྱང་སྲིང་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG