ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་ལ་ཨ་མི་རི་ཀས་བློ་འཚབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ཁག་མཚམས་ཆད་ཀྱི་མེད་པར་བློ་འཚབ་ཆེན་པོ་ཡོད། ཧོང་ཀོང་གི་གནས་སྟངས་དེར་ཨ་མི་རི་ཀས་གཟབ་ནན་གྱིས་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོས་ཕྱོགས་ཁག་ཚང་མས་དྲག་སྤྱོད་སྤེལ་གྱི་ཡོད་པར་ཁ་རྡུང་གཏོང་གི་ཡོད། ཨ་མི་རི་ཀས་ཕ་རོལ་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཅི་ཡིན་ལ་མི་བལྟ་བར་དྲག་ཟིང་ཁྲོད་དུ་གནོད་འཚེ་ཕོག་པའི་མི་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ཧོང་ཀོང་གི་ཉེན་རྟོག་པ་དང་མི་མང་ངོ་རྒོལ་བ་སོགས་སུ་ཞིག་ཡིན་རུང་ཁྱད་པར་མེད། ཁོ་ཚོས་དྲག་སྤྱོད་ཀྱི་ཐབས་ལམ་བསྟེན་རྒྱུ་དེར་ཚོད་འཛིན་བྱ་དགོས། དེང་སྐབས་ཧོང་ཀོང་གི་སྤྱི་ཚོགས་སུ་ཤོག་ཁག་མང་པོ་ཞིག་འབྱུང་གི་ཡོད་པས་ས་གནས་དེའི་སྲིད་གཞུང་དང་མི་མང་ངོ་རྒོལ་བ་ཚོས་ལྷག་བསམ་རྣམ་དག་གིས་གྲོས་བསྡུར་ཞིག་བྱ་དགོས་པར་འཐུས་ཤོར་འགྲོ་བཞིན་འདུག

ཧོང་ཀོང་གི་ངོ་རྒོལ་བ་དང་དྲྭ་དམངས་ཀྱིས་ས་གནས་སྲིད་གཞུང་ལ་གྲོས་མོལ་བྱ་དགོས། ཧོང་ཀོང་ས་གནས་གཞུང་གིས་ཀྱང་མང་ཚོགས་ཀྱིས་ཅིའི་ཕྱིར་ངོ་རྒོལ་བྱེད་ཀྱི་ཡོད་པའི་འགག་རྩ་དེར་བལྟ་དགོས། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་མིང་རྟགས་བཀོད་པའི་སྤྱི་བསྒྲགས་དེར་རྩ་འཛིན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ལོ་༥༠་རིང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ཡོད་པ་ལག་ལེན་བསྟར་དགོས། ༡༩༩༧་ལོར་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་གྲོས་མཐུན་ཞིག་བཞག་པ་དེའི་འབྲུ་དོན་གཙོ་བོ་རྣམས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་། འདུ་འཛོམས་རང་དབང་བཅས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

ཁ་སང་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཞིག་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཕོག་ནས་བཟུང་། ཧོང་ཀོང་གི་ངོ་རྒོལ་དང་འགྲིམ་འགྲུལ་བཀག་སྡོམ་གྱི་ལས་འགུལ་རྣམས་རྒྱ་ཆེ་རུ་སོང་། ཐ་ན་ཧོང་ཀོང་གི་སློབ་ཆེན་ཁག་གི་སློབ་ཕྲུག་དང་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་ཀྱང་ངོ་རྒོལ་ལས་འགུལ་ལ་ཞུགས། ཧོང་ཀོང་གི་ཉེན་རྟོག་པས་སློབ་གྲྭའི་ནང་དུ་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་བརྒྱབ་པས་མི་བརྒྱ་སྐོར་ཞིག་ལ་ངོ་རྒོལ་ལས་འགུལ་དུས་སུ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་འཁྱེར། ཕྱི་ཟླ་༡༡་པའི་ཚེས་༤་ནས་ཚེས་༡༢་བར་དུ་མི་༢༦༦་འཛིན་བཟུང་བྱས་པ་དང་ཉེན་རྟོག་པ་ཞིག་གིས་མི་ཚོགས་ཁྲོད་དུ་རླངས་འཁོར་བཏང་ནས་ལན་མང་བརྒྱུགས་པའི་སྟབས་ཀྱིས་མི་དེར་ལས་མཚམས་འཇོག་ཏུ་བཅུག་འདུག ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ངོ་རྒོལ་བ་རྣམས་མི་དམངས་ཀྱི་དགྲ་བོ་རེད། ཁོ་ཚོས་དྲག་སྤྱོད་སྤེལ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་ཧོང་ཀོང་ས་གནས་གཞུང་གིས་ནམ་ཡང་གནོན་ཤུགས་ལ་མགོ་སྒུར་མི་སྲིད་ཅེས་ངར་སྐད་བསྒྲགས།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཧོང་ཀོང་ལ་མུ་མཐུད་དུ་ཁྲག་སྦྱོར་གྱི་རྒོལ་འཛིང་འབྱུང་གི་ཡོད་པ་དེ་ལ་བལྟས་ཚེ། ཨ་མི་རི་ཀས་ཧོང་ཀོང་ལ་ཞི་བདེ་བརྟན་ལྷིང་མེད་པ་དེར་ལན་པ་ཞིག་སློག་དགོས་པ་སླར་ཡང་ར་སྤྲོད་བྱུང་བ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱེམ་སི་མེཀ་གྷ་ཝྭན་གྱིས་ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་བཅས་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ཅིག་གཏན་འབེབས་བ་ྱདགོས་ཞེས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མེ་ཁ་ནོར་འབོད་སྐུལ་ཞུས་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷིའོ་ཡིས་ཁྲིམས་ཡིག་དེར་རྒྱ་ནག་གིས་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་ཅི་ཙམ་སྤྲོད་ཀྱི་ཡོད་མེད་ལ་ཞིབ་འཇུག་བྱ་དགོས་པ་དང་། ཧོང་ཀོང་གི་གཞི་རྩའི་རང་དབང་གི་ཐོབ་ཐང་ཁག་ལ་རྡོག་བརྫིས་གཏོང་མཁན་ཚོར་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་ཉེས་ཆད་གཅོད་དགོས་པའི་ནང་དོན་འཁོད་ཡོད་ཅེས་བཀྲལ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་སྟེ། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག ད་ལྟ་ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕེན་དུ་འཇུག་དགོས།

རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། གཟའ་ཟླ་བའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཞིས་ཅིན་གྱིས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་ནི་ཁྱད་མཚར་ཞིག་རེད། དེ་ནི་ཧོང་ཀོང་གི་ས་ཐོག་ཏུ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་སྐྱེད་སྲིང་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་རེད་ཅེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགོག་རྐྱེན་མི་འབྱུང་བ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་མཇུག་བསྒྲིལ་རྒྱུ་གཙིགས་སུ་བཟུང་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འབྲེལ་མི་སྣ་ཚོས་ཨ་རིའི་གྲོས་ཚོགས་གོང་མར་ཧོང་ཀོང་གི་ཁྲིམས་ཡིག་དེར་མྱུར་དུ་གྲོས་བསྡུར་བྱ་དགོས་ཞེས་སྐུལ་ལྕག་གཏོང་གི་མེད་ཅིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་ཆ་ཚང་མ་བྱས་ན་གྲོས་ཚོགས་གོང་མས་དེ་ལ་གྲོས་བསྡུར་བྱེད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ནས་དམར་གསོད་བྱ་རྒྱུ་ཇེ་མང་དུ་སོང་ན་གནས་ཚུལ་ལ་འགྱུར་བ་འགྲོ་སྲིད། ཨ་རིའི་གཞུང་གིས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་མི་བྱེད་ཐབས་མེད་ཅིག་ལ་འགྱུར་སྲིད་ཅེས་བཤད།

ཉམས་ཞིབ་པ་ཚོས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་གྲོང་ཁྱེར་ཧྲིལ་པོར་འགྲིམ་འགྲུལ་བཀག་པ་དང་ལས་བཤོལ་ངོ་རྒོལ་བྱེད་དུ་བཅུག་པར་ནུས་པ་ཆེན་པོ་ཞིག་ཐོན་སོང་། དཔེར་ན་ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཧོང་ཀོང་རྒྱལ་ཡོངས་སུ་འགྲིམ་འགྲུལ་འགགས་ནས་དཀའ་ངལ་ཆེན་པོ་ཕྲད་ཡོད། འདི་ནི་ཟླ་བ་མང་པོའི་ངོ་རྒོལ་ལས་འགུལ་སྤེལ་བ་ལས་ཀྱང་ནུས་པ་ཆེ་བ་ཐོན་སོང་ཞེས་བཤད། ཧོང་ཀོང་གི་ངོ་རྒོལ་བ་ཚོས་འགྲིམ་འགྲུལ་བཀག་སྡོམ་དང་ལས་བཤོལ་ངོ་རྒོལ་གྱི་ཐབས་ཇུས་འདི་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཧོང་ཀོང་ས་གནས་གཞུང་གིས་མི་མང་ངོ་རྒོལ་བས་བཏོན་པའི་དགོས་འདུན་ཁག་ལ་མོས་མཐུན་མ་བྱས་བར་དུ་ལས་འགུལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཆོད་སེམས་བརྟན་པོ་བཙུགས། ཁེ་རི་ལམ་གྱིས་ཧོང་ཀོང་ས་གནས་གཞུང་གིས་མི་མང་གི་དགོས་འདུན་བསྒྲུབ་རྒྱུ་རེད་བསམ་གྱི་ཡོད་ན་དེ་ནི་འཁྲུལ་སྣང་རེད་ཅེས་ལན་བཏབ། ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྩིས་སྤྲོད་བཅའ་ཁྲིམས་ཕྱིར་བསྡུ་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པས་མི་མང་ལ་དྲག་གནོན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱེད་དུ་འཇུག་དགོས། ད་ལོའི་ངོ་རྒོལ་དུས་སུ་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་དགོས། ཁོ་ཚོ་གློད་གྲོལ་བཏང་བའི་རྗེས་སུ་ནག་ཉེས་འཛུགས་མི་ཆོག ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་མི་དམངས་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་དོན་ཚན་༥་བཏོན། ཧོང་ཀོང་ས་གནས་གཞུང་གིས་རྩིས་སྤྲོད་བཅའ་ཁྲིམས་ཕྱིར་བསྡུ་བྱས་ཀྱང་དོན་ཚན་གཞན་པ་༤་མོས་མཐུན་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG