ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

ཨ་རིའི་མཚོན་ཆ་བཀོལ་ནས་ཡུཀ་རེན་གྱིས་ཨུ་རུ་སུར་རྒོལ་རྡུང་བྱེད་ཆོག་ཟེར།


༄༅།། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་སྤྲད་པའི་མཚོན་ཁག་གིས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག་ཅེས་འཁྲོལ་ཆ་སྤྲད། ཕྱི་ཟླ་༥་པའི་ཚེས་༣༡་ཉིན་མཉམ་འབྲེལ་གསར་ཁང་གིས་མིང་འདོན་མ་བྱས་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་ཡུཀ་རེན་ལ་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་དང་སྒྱོགས་མདེལ་ཁག་གིས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་མེད། སྲིད་འཛིན་བྷ་ཌན་གྱིས་ཨ་རིས་སྤྲད་པའི་མཚོན་ཆ་ཁག་གིས་ཡུཀ་རེན་གྱི་ཁར་ཀིབ་མངའ་ཁུལ་དུ་ཨུ་རུ་སུའི་ཚུར་རྒོལ་བྱེད་ཀྱི་ཡོད་པ་འགོག་ཐབས་སམ། ཡང་ན་ཁར་ཀིབ་ཕྱོགས་ནས་ཨུ་རུ་སུའི་དམག་གིས་ཚུར་རྒོལ་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པར་རྒོལ་རྡུང་བྱེད་ཆོག་པའི་འཁྲོལ་ཆ་སྤྲད་པ་རེད་ཅེས་གསལ་བཀྲོལ་བྱས་ཤིང་། ཉེ་དུས་ཤིག་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཡུཀ་རེན་ལ་སྤྲད་པའི་མཚོན་ཆ་ཁག་བཀོལ་སྤྱོད་བྱས་ནས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་དུ་འཇུག་དགོས་ཞེས་གླེང་སློང་རྒྱུ་ཤུགས་ཆེ་རུ་སོང་།།

ད་ལོ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དུས་ཐོག་ཏུ་མཚོན་ཆ་དང་དམག་དོན་རོགས་དངུལ་སྤྲོད་རྒྱུ་ནར་འགྱངས་ཕྱིན་ནས་ཨུ་རུ་སུར་གོ་སྐབས་རག ཡུཀ་རེན་གྱི་བྱང་ཤར་ཕྱོགས་སུ་ཆགས་པའི་ཁར་ཀིབ་མངའ་ཁུལ་དུ་དཔུང་འཇུག་བྱས་ནས་གྲོང་ཚོ་བཅུ་གྲངས་ཤིག་བླངས། བདུན་ཕྲག་གཉིས་ཀྱི་སྔོན་ནས་ཨ་རིའི་གཞུང་གི་ནང་ཁུལ་དུ ཡུཀ་རེན་ལ་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག་པའི་འཁྲོལ་ཆ་སྤྲོད་དགོས་ཀྱི་འདུག ཨ་མི་རི་ཀས་སྤྲད་པའི་མཚོན་ཆས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པའི་བཀག་རྒྱ་ཕྱིར་འཐེན་བྱ་དགོས་ཞེས་གྲོས་སྡུར་བྱུང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན། དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་བྷ་རོན་དང་ཡུཀ་རེན་གྱི་དམག་གི་འགོ་ཁྲིད་ཚོས་བརྙན་ལམ་དུ་ཁར་ཀིབ་མངའ་ཁུལ་གྱི་ཛ་དྲག་གི་གནས་སྟངས་གྲོས་སྡུར་བྱས། དེ་ནས་ཡུཀ་རེན་གྱི་དམག་གིས་ཨ་རིའི་མཚོན་ཆ་བཀོལ་ནས་ཨུ་རུ་སུའི་ས་ཐོག་གི་བཙན་ས་ཁག་ཏུ་རྒོལ་རྡུང་བྱེད་ཆོག་ཅེས་ཐག་བཅད།།

ཕྱི་ཟླ་༥་པའི་ཚེས་༣༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་འཇར་མན་གཞུང་གིས་ཡུཀ་རེན་ལ་སྤྲད་པའི་མཚོན་ཆ་དེ་ཚོས་ཁར་ཀིབ་མངའ་ཁུལ་གྱི་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག དེ་ནི་རྒྱལ་སྤྱིའི་ཁྲིམས་ལ་མཐུན་པ་དང་འཇར་མན་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་སྡུར་བྱས་ནས་ཐག་བཅད་པ་ཡིན། ཨུ་རུ་སུས་མཐའ་མཚམས་ཀྱི་ས་གནས་ཁག་ནས་ཡུཀ་རེན་གྱི་ཁར་ཀིབ་མངའ་ཁུལ་དུ་གཏོར་རྒོལ་བྱེད་ཀྱི་འདུག ཡུཀ་རེན་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རང་སྲུང་གི་ཐོབ་ཐང་ཡོད་པ་རེད། དེས་ན་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འཇར་མན་གཞུང་གིས་སྤྲད་པའི་མཚོན་ཆ་དེ་ཚོ་ཡུཀ་རེན་གྱིས་བཀོལ་སྤྱོད་བྱས་ནས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག་པ་ཞིག་རེད་ཅེས་འཇར་མན་གཞུང་གི་མགྲིན་ཚབ་པ་ཞིག་གིས་གསལ་བསྒྲགས་སྤེལ། ཉི་མ་གཉིས་ཀྱི་སྔོན་དེར་གསར་འགོད་པ་ཚོས་སྲིད་བློན་ཤོལ་ཛི་ལ་འཇར་མན་ཎིའི་སྲིད་ཇུས་ལ་འགྱུར་བ་ཐེབས་པ་རེད་དམ་ཞེས་དྲིས།།

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་འཇར་མན་གྱི་སྲིད་ཤོལ་ཛི་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་ལྷན་ཚོགས་བསྐོངས་པ་དེའི་ཐོག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་སྤྲད་པའི་མཚོན་ཆ་དེ་ཚོས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག་པའི་འཁྲོལ་ཆ་སྤྲོད་དགོས་ཀྱི་འདུག ཡུཀ་རན་ལ་རང་སྲུང་གི་ཐོབ་ཐང་ཡོད་པ་རེད་ཅེས་བསྒྲགས། སྔོན་ཆད་སྲིད་བློན་ཤོལ་ཛི་འཇར་མན་གཞུང་གིས་སྤྲད་པའི་མཚོན་ཆ་དེ་ཚོས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་དུ་འཇུག་རྒྱུར་གཏན་ནས་མ་འཐད། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱལ་དོན་འཚམས་འདྲིར་ཕེབས་ནས་སྲིད་བློན་ཤོལ་ཛིའི་ལངས་ཕྱོགས་ལ་འགྱུར་བ་ཐེབས། སྲིད་བློན་ཤོལ་ཛིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཡུཀ་རེན་ལ་རང་སྲུང་དང་རྒོལ་ལན་སློག་ཆོག་པའི་ཐོབ་ཐང་ཡོད་པ་རེད། མི་ཁག་ཅིག་གིས་ཡུཀ་རེན་ལ་རང་སྲུང་བྱེད་དུ་འཇུག་མི་ཉན་ཞེས་རྩོད་པ་འཕེན་གྱི་ཡོད་པ་ནི་ཁྱད་མཚར་ཞིག་རེད། ཚུར་རྒོལ་ལ་དགོས་ངེས་ཀྱི་ལན་པ་སློག་དགོས་པ་རེད་ཅེས་བཀྲལ།།

འཇར་མན་ཎིའི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན་གཉིས་ཀས་ཡུཀ་རེན་གྱིས་ཁར་ཀིབ་ཕྱོགས་ཀྱི་ཨུ་རུ་སུའི་ས་ཐོག་ཏུ་ཆགས་ཡོད་པའི་དམག་སྒར་ཁག་ལ་རྒོལ་རྡུང་བྱེད་ཆོག དེ་མིན་གྱི་དམིགས་འབེན་ཁག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་མཚོན་ཆ་བཀོལ་ནས་རྒོལ་རྡུང་བྱེད་མི་ཆོག་ཅེས་དབྱེ་བ་གསལ་པོར་ཕྱེ། དེ་བཞིན་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་སྤྲད་པའི་མཚོན་ཆ་དེ་ཚོས་ཨུ་རུ་སུའི་ས་ཐོག་གི་དམག་སྒར་ཁག་ལ་གཏོར་རྒོལ་བྱེད་དུ་འཇུག་རྒྱུ་ཁྲིམས་མཐུན་རེད་ཅེས་སྒྲུབ་བྱེད་བཀོད། ཡིན་ནའང་འཇར་མན་གཞུང་གིས་ཡུཀ་རེན་ལ་སྤྲད་པའི་འཕུར་མདེལ་དང་སྒྱོགས་མདེལ་རྣམས་རྒྱང་ཐག་སྤྱི་ལེ་༥༦་ལ་མ་གཏོགས་མི་སྙོབ་པས་ཨུ་རུ་སུའི་ས་ཐོག་ཏུ་སླེབས་རྒྱུའི་ཉེན་ཁ་ཆུང་། ཧྥ་རན་སི་དང་དབྱིན་ཇི། ཨ་རི་གསུམ་གྱིས་ཡུཀ་རེན་ལ་སྤྲད་པའི་འཕུར་མདེལ་དང་སྒྱོགས་མདེལ་རྣམས་རྒྱང་ཐག་རིང་པོར་སྙོབ་ཐུབ། ད་ལྟའི་བར་དུ་ཨ་རི་སོགས་ཀྱིས་ཨུ་རུ་སུར་འཁྲུག་རྩོད་མི་སློང་བ་དང་དམག་འཁྲུག་ཆེ་རུ་མི་འགྲོ་བའི་ཆེད་དུ་ཡུཀ་རེན་ལ་ཚོད་འཛིན་བྱས་ནས་ཨུ་རུ་སུའི་མངའ་ཁོངས་སུ་རྒོལ་རྡུང་བྱེད་མི་ཆོག་ཅེས་བཀག

ཕྱི་ཟླ་༥་པའི་ཚེས་༣༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་མི་སྣ་ཞིག་གིས་ང་ཚོས་གང་མགྱོགས་ཡུཀ་རེན་ལ་དམག་སྦྱོང་དགེ་རྒན་བཏང་སྟེ་ས་མེ་སྔོག་འདོན་དང་མཚོན་ཆར་བདག་གཅེས། དམག་འཐབ་གནམ་གྲུའི་འཕྲུལ་ཆས་སོགས་ལ་བཟོ་བཅོས་རྒྱག་པའི་ལག་རྩལ་སློབ་འཆར་ཡོད། ཐོག་མར་ཧྥ་རན་སིའི་དམག་སྦྱོང་དགེ་རྒན་ཉུང་ཤས་ཤིག་གཏང་རྒྱུ་དང་རིམ་བཞིན་བརྒྱ་ཕྲག་འགའ་ཞིག་གཏང་རྒྱུ་ཡིན་པར་མ་ཟད། བདུན་ཕྲག་རྗེས་མར་ཡུཀ་རེན་གྱི་སྲིད་འཛིན་ཧྥ་རན་སིར་ཕེབས་པའི་སྐབས་སུ་འཆར་གཞི་དེ་ཕྱིར་བསྒྲགས་བྱ་འཆར་ཡོད། ཧྥ་རན་སིས་འགྲོ་གྲོན་བཏང་ནས་ཡུཀ་རེན་ལ་སྐམ་དམག་གི་འཐབ་འཁོར་དཔུང་སྡེ་ཞིག་འཛུགས་རྒྱུ་ཡིན། ང་ཚོས་ཡུཀ་རེན་ལ་དམག་སྦྱོང་དགེ་རྒན་གཏོང་ཐུབ་པའི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་ཚོགས་པ་བཙུགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུར་འཁྲུག་རྩོད་སློང་རྒྱུའི་སྐྲག་སྣང་བྱས་ནས་དམག་སྦྱོང་དགེ་རྒན་གཏོང་ཕོད་ཀྱི་མི་འདུག་ཅེས་བཤད།།

ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་གྱི་སྲིད་ཇུས་ལྟར་ཧྥ་རན་སིའི་དམག་སྒར་ཁག་ཏུ་ཡུཀ་རེན་གྱི་དམག་མི་༡༠༠༠༠་ལྷག་ལ་དམག་སྦྱོང་སྤྲད། ད་ལྟ་ཧྥ་རན་སིའི་དམག་སྦྱོང་དགེ་རྒན་ཡུཀ་རེན་ལ་གཏོང་འཆར་ཡོད་པ་དེ་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་ཀྱི་འཆར་གཞི་ལྟར་མིན་པ་སྟེ། ཧྥ་རན་སིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་ས་ཐོག་ཏུ་དམག་སྦྱོང་དགེ་རྒན་གཏོང་དགོས་པའི་གྲོས་སྡུར་ནི་ཕྱི་ཟླ་༢་པ་ནས་འགོ་ཚུགས་པ་རེད། ད་དུང་ཡང་གྲོས་སྡུར་ཁག་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཡུཀ་རེན་ལ་གྲོས་སྡུར་དང་ཡུཀ་རེན་གྱི་མཁོ་དགོས་ཅི་ཡིན་ཤེས་རྟོགས་ཐུབ་དགོས་ཞེས་བསྒྲགས། ལུ་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་བཅས་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཧྥ་རན་སིར་མཉམ་འབྲེལ་བྱས་ནས་ཡུཀ་རེན་ལ་དམག་སྦྱོང་དགེ་རྒན་གཏང་རྒྱུའི་རྣམ་འགྱུར་ཐོན།།

ཕྱི་ཟླ་༦་པའི་ཚེས་༦་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་༨༠་འཁོར་བའི་དུས་དྲན་ལ་ཧྥ་རན་སིར་ཕེབས་ཀྱི་ཡོད་ཅིང་། ༡༩༤༤་ལོར་ཨ་རི་གཙོས་མནའ་འབྲེལ་དམག་དཔུང་གིས་ཧྥ་རན་སིའི་ནོར་མན་ཌི་མཚོ་ཁ་ནས་དཔུང་ཆེན་དྲངས། འཇར་མན་ན་ཛིའི་དམག་དཔུང་མཐར་སྐྲོད་བཏང་སྟེ་ཧྥ་རན་སིར་བཅིངས་འགྲོལ་ཐོབ། ཕྱི་ཚེས་༧་ཉིན་སྲིད་འཛིན་མེཀ་རོན་དང་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དངུལ་སྒོར་དང་འཐབ་འཛིང་གནམ་གྲུ། མཚོན་ཆ་སོགས་རོགས་རམ་ཅི་ཞིག་སྤྲད་ཀྱང་དམག་འཁྲུག་རྒྱ་ཆེ་རུ་གཏོང་གི་རེད། ཨུ་རུ་སུ་དམག་འཁྲུག་ལ་ཡི་ཐང་ཆད་རྒྱུ་མེད། ང་ཚོར་དམག་མི་མང་བ་དང་མཚོན་ཆ་ཡག་པོ་ཡོད། ཨུ་རུ་སུས་ཟླ་བ་དང་ལོ་བསྟུད་ནས་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་ཅེས་འཇིགས་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG