ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁར་ཀིབ་ཀྱི་མཐའ་མཚམས་གྲོང་རྡལ་བརྒྱ་ཆ་༤༠་ལ་སྟངས་འཛིན་མ་ཐུབ།


ཨུ་རུ་སུས་དཔུང་འཇུག་བྱས་ནས་ཁར་ཀིབ་མངའ་ཁུལ་གྱི་མཐའ་མཚམས་གྲོང་རྡལ་བརྒྱ་ཆ་༤༠་ཐམ་པར་ཡུཀ་རེན་གྱིས་སྟངས་འཛིན་བྱེད་མི་ཐུབ་པར་གྱུར།
ཨུ་རུ་སུས་དཔུང་འཇུག་བྱས་ནས་ཁར་ཀིབ་མངའ་ཁུལ་གྱི་མཐའ་མཚམས་གྲོང་རྡལ་བརྒྱ་ཆ་༤༠་ཐམ་པར་ཡུཀ་རེན་གྱིས་སྟངས་འཛིན་བྱེད་མི་ཐུབ་པར་གྱུར།

༄༅།། ཨུ་རུ་སུས་དཔུང་འཇུག་བྱས་ནས་ཁར་ཀིབ་མངའ་ཁུལ་གྱི་མཐའ་མཚམས་གྲོང་རྡལ་བརྒྱ་ཆ་༤༠་ཐམ་པར་ཡུཀ་རེན་གྱིས་སྟངས་འཛིན་བྱེད་མི་ཐུབ་པར་གྱུར། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝོབ་ཆན་སི་ཀི་གྲོང་རྡལ་གྱི་ས་ཆ་བརྒྱ་ཆ་༦༠་ཐམ་པ་ཡུཀ་རེན་གྱི་སྟངས་འཛིན་འོག་ཏུ་ཡོད་ཀྱང་ཨུ་རུ་སུས་དཔུང་ཆེན་དྲངས་ཏེ་ཡུཀ་རེན་གྱི་དམག་གིས་ཁང་པ་རེ་རེ་དང་སྲང་ལམ་རེ་རེ་བཞིན་བསྲུངས་ནས་འགོག་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཝོབ་ཆན་སི་ཀི་གྲོང་རྡལ་ཤོར་ན་བདུན་ཕྲག་གཉིས་ཀྱི་སྔོན་དེར་ཡུཀ་རེན་གྱི་ཁར་ཀིབ་ཕྱོགས་ནས་ཨུ་རུ་སུས་དཔུང་འཇུག་བྱ་རྒྱུ་འགོ་ཚུགས་པ་དེར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པར་བརྩི་ཆོག ཡུཀ་རེན་གྱི་དམག་མི་ཚོར་ངལ་གསོ་དང་བརྗེ་སོར་མེད་པར་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱ་དགོས་པས་མང་སྣ་ཉུང་གིས་བརྟེན་དཀའ་བའི་གནས་ཚུལ་ཐོན་འདུག

ཁར་ཀིབ་མངའ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་རོ་མན་སེ་མེ་ནུ་ཁས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་དགྲ་དམག་གིས་ཝོབ་ཆན་སི་ཀི་གཙོས་གྲོང་རྡལ་ཁག་ལ་དཔུང་འཇུག་མཚམས་ཚིགས་མེད་པར་བྱས་ནས་ཡུཀ་རེན་གྱི་དམག་མི་རྣམས་ཕྱིར་འཐེན་བྱ་དགོས་ཐུག་གི་འདུག གྲོང་རྡལ་དེའི་ས་ཆ་བརྒྱ་ཆ་༦༠་ཙམ་ཡུཀ་རེན་གྱིས་བཟུང་ཡོད་ཀྱང་ཨུ་རུ་སུས་དཔུང་འཇུག་བྱ་རྒྱུ་མཚམས་འཇོག་ས་མ་རེད་ཅེས་བཀྲལ། ཁར་ཀིབ་མངའ་ཁུལ་གྱི་སྤྱི་ཁྱབ་ཨོ་ལཱེ་སི་ནི་ཡེ་ཧུ་བྷོབ་ཀྱིས་ཝོབ་ཆ་གཙང་པོ་གྲོང་རྡལ་དེའི་དཀྱིལ་དུ་རྒྱུག་གི་ཡོད་པ་དང་གཙང་འགྲམ་གཡས་གཡོན་གཉིས་ས་མཚམས་སུ་གྱུར་འདུག དགྲ་དམག་གིས་གྲོང་རྡལ་དེའི་བྱང་ཕྱོགས་བདེ་བླག་ཏུ་ལེན་ཐུབ་རྒྱུའི་རྩིས་བརྒྱབ་པར་ལམ་ལྷོངས་མ་བྱུང་བ་རེད་ཅེས་སྨྲས། ཝོབ་ཆན་སི་ཀི་གྲོང་རྡལ་གྱི་ཉེན་རྟོག་པའི་སྤྱི་ཁྱབ་ནས་ཨུ་རུ་སུའི་དམག་དཔུང་གྲོང་རྡལ་དེའི་ནང་དུ་འཛུལ་ཏེ་ཉེན་ཚབས་ཆེ་རུ་འགྲོ་བཞིན་འདུག་ཟེར།།

ཨུ་རུ་སུའི་མཁའ་དམག་གིས་གཏོར་རྒོལ་བྱས་པའི་ས་ཆ་ཞིག
ཨུ་རུ་སུའི་མཁའ་དམག་གིས་གཏོར་རྒོལ་བྱས་པའི་ས་ཆ་ཞིག

ཡུཀ་རེན་གྱི་ཁར་ཀིབ་མངའ་ཁུལ་གྱི་ཝོབ་ཆན་སི་ཀི་དང་ལིབ་ཛི་ས་གནས་གཉིས་སུ་ཨུ་རུ་སུས་དཔུང་འཇུག་བྱས་ནས་བཟུང་། ཡུཀ་རེན་གྱིས་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཐའ་མཚམས་ཁག་ཏུ་བཀྲམ་ཡོད་པའི་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱས་ནས་བྱང་ཤར་ཕྱོགས་སུ་དྲངས། དེར་བརྟེན་ཡུཀ་རེན་གྱི་དམག་གིས་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་མཚམས་སྤྱི་ལེ་༡༠༠༠་ལྷག་ཁེབས་དགོས་པས་དམག་མི་ཉུང་དུ་ཕྱིན་ཏེ་དཀའ་ངལ་ཆེ་རུ་སོང་། ཡུཀ་རེན་གྱི་གཞུང་གིས་མཐའ་མཚམས་ཀྱི་གྲོང་རྡལ་ཁག་ནས་མི་༡༠༥༠༠་ལྷག་ཉེན་སྐྱོབ་བྱས་ཤིང་། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཨུ་རུ་སུའི་ས་མཚམས་ནས་སྤྱི་ལེ་༥་ཡི་མཚམས་སུ་ཆགས་པའི་སི་ཊ་རི་ཛི་ཡ་གྲོང་གསེབ་ལ་དཔུང་འཇུག་བྱས་ཀྱང་འགོག་ཐུབ་ཡོད་ཅེས་བསྒྲགས། ཨུ་རུ་སུས་བཙོན་པ་དང་གླས་དམག་སོགས་ཀྱི་ཚེ་སྲོག་ལ་ཕངས་སེམས་མེད་པར་དཔུང་འཇུག་བྱེད་དུ་བཅུག་སྟེ་ཡུཀ་རེན་གྱི་འགོག་དཀའ་བའི་གནས་སུ་ཟད།།

ཕྱི་ཟླ་༥་པའི་ཚེས་༢༡་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་དམག་མི་འདང་ངེས་མེད་པ་དང་དམག་འཁྲུག་གི་འགྲོ་གྲོན་མེད་པར་དཀའ་ངལ་འཕྲད། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་འཛམ་གླིང་ཡུལ་གྲུ་གང་སར་ཨུ་རུ་སུའི་རྒྱུ་དངོས་ཨ་སྒོར་ཐེར་འབུམ་༣༥༠་ཐམ་པ་བཀག་ཡོད་པ་དེའི་ཁོངས་ནས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༥༠༠་སྤྲོད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། ཟླ་བ་རྗེས་མར་ཨི་ཊ་ལིའི་ལྷོ་ཕྱོགས་སུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ཏེ་འཆར་གཞི་དེར་གྲོས་སྡུར་བྱ་རྒྱུའི་རྟགས་མཚན་མངོན། འཆར་གཞི་དེའི་ནང་དུ་ཨུ་རུ་སུའི་རྒྱུ་དངོས་ཨ་སྒོར་ཐེར་འབུམ་༣༥༠་བཀག་ཡོད་པ་རྣམས་མ་རྩར་བཙུགས། དེའི་ཁེ་སང་རྣམས་ཡུཀ་རེན་གྱི་དམག་འཁྲུག་དོན་དུ་འགྲོ་གྲོན་གཏོང་དགོས་ཞེས་འཁོད། ཨུ་རུ་སུའི་དངུལ་སྒོར་བཀག་ཡོད་པ་ཡུཀ་རེན་ལ་སྤྲོད་དགོས་ཚེ། སྔོན་ལ་ཡུ་རོབ་མཉམ་འབྲེལ་གྱིས་འཆར་གཞི་དེར་མོས་མཐུན་དང་ཆོག་མཆན་འགོད་དགོས།།

ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནེ་ཊི་ཡེ་ལན་
ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནེ་ཊི་ཡེ་ལན་

དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནེ་ཊི་ཡེ་ལན་གྱིས་འཇར་མན་ཎིའི་ཧྥ་རན་ཀ་ཧྥོར་ཊི་གྲོང་ཁྱེར་དུ་ཆགས་ཡོད་པའི་ཡུ་རོབ་མཉམ་འབྲེལ་གྱི་དབུས་དངུལ་ཁང་དུ་སྲིད་དབང་གཅིག་སྡུད་པ་ཚོས་གཞན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བཙན་འཛུལ་བྱས། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱས་ཀྱང་ང་ཚོས་ལྟད་མོར་བལྟས་ནས་བསྡད་ན་ཁྲིམས་འགལ་བྱ་རྒྱུ་ནམ་ཡང་མཚམས་མི་ཆད། ང་ཚོས་ཡུཀ་རེན་ལ་ཕན་ཐོགས་ཡོད་པ་དང་ཨུ་རུ་སུའི་རྒྱུ་དངོས་བཀག་ཡོད་པ་རྣམས་བཀོལ་སྤྱོད་བྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས། ཨ་རི་དང་ཡུལ་རོབ་གང་དུ་ཡིན་རུང་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་རྒྱལ་ཁབ་ཚང་མས་ལག་ལེན་ཚུལ་བཞིན་བསྟར་དགོས། འདི་ནི་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་ནན་གྱིས་བསྐུལ།།

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་
ཧྥ་རན་སིའི་སྲིད་འཛིན་མེཀ་རོན་

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ནས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་མི་བཏང་སྟེ་སྦྱོང་བརྡར་སྤྲོད་དགོས་པའི་གྲོས་གཞི་བཏོན། ལི་ཐུ་ཝེ་ཎི་ཡའི་སྲིད་བློན་ལན་ཌི་སི་བྷེར་གྷི་སིས་གྲོས་གཞི་དེར་མོས་མཐུན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་སྤྲད་པའི་འཕུར་མདེལ་རྣམས་ས་མཚམས་བརྒལ་ནས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་ཅེས་ཆ་རྐྱེན་བཞག་ཡོད་པ་ཕྱིར་འཐེན་བྱ་དགོས། ང་ཚོས་ཐོག་མ་ནས་ཡུཀ་རེན་ལ་ཚོད་འཛིན་བྱས་པ་དེ་ནོར་འཁྲུལ་རེད། ཡུཀ་རེན་ལ་སྤྲད་པའི་མཚོན་ཆ་རྣམས་གང་དུ་འཕེན་དགོས་ཀྱང་འཕེན་དུ་འཇུག་དགོས། ཨུ་རུ་སུའི་སྐྱེལ་འདྲེན་དང་དམག་སྒར། ཡུཀ་རེན་ལ་ཚུར་རྒོལ་གྱི་གྲ་སྒྲིག་བྱ་ཡུལ་ཁག་ལ་གཏོར་རྒོལ་བྱེད་དུ་འཇུག་དགོས། ང་ཚོས་ཕྱོགས་གཅིག་ལ་སྒྲིག་ཁྲིམས་བཅས་ནས་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། ང་ཚོས་ངེས་པར་དུ་ཚོད་འཛིན་དེ་མེད་པར་གཏོང་དགོས་ཞེས་བསམ་འཆར་བཤད།།

ཨེ་སི་ཊོ་ཎི་ཡའི་སྲིད་བློན་ཀ་ཡ་ཀ་ལ་སི་
ཨེ་སི་ཊོ་ཎི་ཡའི་སྲིད་བློན་ཀ་ཡ་ཀ་ལ་སི་

སྔ་ཉིན་དེར་ཨེ་སི་ཊོ་ཎི་ཡའི་སྲིད་བློན་ཀ་ཡ་ཀ་ལ་སི་ལ་དངུལ་རྩའི་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་སུའང་ནུབ་ཆིངས་ཀྱི་དམག་དཔུང་ཡུཀ་རེན་ལ་བཏང་ནས་སྦྱོང་བརྡར་སྤྲད་ན་ཨུ་རུ་སུར་དམག་འཁྲུག་སློང་གི་མ་རེད། ཡུཀ་རེན་ལ་དམག་མི་བཏང་སྟེ་རྨས་སྐྱོན་ཕོག་ན་དམག་མི་གཏོང་མཁན་ཚོས་ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ལག་ལེན་བསྟར་ནས་ཨུ་རུ་སུར་རྒོལ་རྡུང་བྱ་དགོས་ཟེར་མི་སྲིད། འགྲོ་ལུགས་ཐམས་ཅད་དེ་ལྟར་མ་རེད་ཅེས་བསྟན། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་༥་པ་ནི་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དང་རྒོལ་རྡུང་ཕོག་ན་ཚོགས་འཐུས་རྒྱལ་ཁབ་ཐམས་ཅད་ལ་བཙན་འཛུལ་དང་རྒོལ་རྡུང་ཕོག་པ་དང་ཁྱད་པར་མེད་ཅེས་འཁོད། དེ་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ལ་གཞན་གྱིས་བཙན་འཛུལ་དང་རྒོལ་རྡུང་བྱེད་མི་ཕོད་པའི་ཆེད་དུ་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་ལ་དམག་མི་བཏང་སྟེ་སྦྱོང་བརྡར་སྤྲོད་རྒྱུར་མོས་མཐུན་མེད་ཅེས་བསྐྱར་དུ་ཟློས། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ང་ཚོས་ཡུཀ་རེན་ལ་མཚོན་ཆ་མཁོ་སྤྲོད་དང་ཡུཀ་རེན་གྱི་ས་ཐོག་ཏུ་དམིགས་འབེན་ཡོད་པ་རྣམས་བསྟན་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་བཀྲོལ་བྱས་འདུག ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཚོགས་ཀྱི་དྲུང་ཆེས་ང་ཚོས་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་འཆར་ཡོད། ཡུཀ་རེན་ནུབ་ཆིངས་ཀྱི་ཚོགས་འཐུས་མིན་པ་ཤེས་ཀྱི་ཡོད། ད་ལོའི་ཕྱི་ཟླ་༧་པའི་ཚེས་༩་ནས་༡༡་བར་དུ་ཝ་ཤིང་ཊོན་ལ་ནུབ་ཆིངས་ཀྱི་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་ཡུཀ་རེན་མགྲོན་འབོད་བྱ་རྒྱུའི་རེ་བ་ཡོད། ཡུཀ་རེན་འཕྲལ་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་ཤིག་ཏུ་འགྱུར་མི་ཐུབ་ཀྱང་མགྲོན་འབོད་བྱས་པ་ཙམ་གྱིས་ཨུ་རུ་སུས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་འབོད་སྐུལ་ཞུས་འདུག

གླེང་སྟེགས།

XS
SM
MD
LG