ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཕྱི་ཟླ་༥་པའི་ཚེས་༡༧་ཉིན་ལ་དྭགས་སུ་སྡོང་ཕྲུག་འབུམ་༡་འཛུགས་རྒྱུ།


༄༅།། འབྲུག་པ་བཀའ་བརྒྱུད་ཀྱི་ཁུན་ཧྥུ་བཙུན་མ་རྣམས་གཙོས་དང་བླངས་པ་ཚོས་ཕྱི་ཟླ་༥་པའི་ཚེས་༡༧་ཉིན་སྐྱ་སྐམ་དུ་གྱུར་པའི་ལ་དྭགས་ཀྱི་ས་གནས་ཁག་ཏུ་སྡོང་ཕྲུག་འབུམ་༡་འཛུགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་ཟླ་བའི་ཉིན་རྒྱ་གར་དང་ཨེ་ཤི་ཡའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྡོང་ཕྲུག་འབུམ་༡་འཛུགས་འཆར་ཡོད་པ་དེའི་བརྒྱ་ཆ་༩༠་ཐམ་པ་ལྕང་མ་དང་སྦྱར་བ་ཡིན་ཞིང་། སྡོང་ཕྲུག་བཙུགས་པའི་རྗེས་སུ་ལྕང་མ་དང་སྦྱར་བ་བརྒྱ་ཆ་༨༥་ནས་༩༠་ཙམ་སྐྱེ་ཐུབ་རྒྱུའི་རེ་ལྟོས་བཅངས། འབྲུག་པ་རིན་པོ་ཆེས་དབུ་ཁྲིད་འོག་ཁུན་ཧྥུ་བཙུན་མ་ཚོས་སྡོང་ཕྲུག་དེ་ཚོར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་བཙུན་མ་དེ་དག་གིས་རྒྱ་ནག་གི་དྲག་རྩལ་ཁུན་ཧྥུ་སྦྱངས་པའི་སྟབས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་ཁུན་ཧྥུའི་བཙུན་མ་རྣམས་ཞེས་མིང་ཐོགས། ས་བབ་མཐོ་ཞིང་གནམ་གཤིས་གྲང་། ཆར་ཆུ་དཀོན་པའི་ལ་དྭགས་ས་གནས་སུ་ཤིང་སྡོང་སྐྱེ་དཀའ་ཡང་ལ་དྭགས་སུ་ཤིང་སྡོང་འབུམ་༡་དང་ཕྱེད་ལྷག་ལ་བཙུགས་ཟིན་པའི་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་རྒྱུག་ཆུ་མང་ཆེ་བ་ནི་མི་དང་ཕྱུགས་ཟོག་གི་འཐུང་ཆུ་དང་ཞིང་ཆུ་སོགས་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། ས་གནས་གཞུང་གི་རྒྱབ་སྐྱོར་འོག་ཏུ་ལ་དྭགས་ཀྱི་ས་གནས་མང་ཆེ་བར་ཉི་གློག་གི་ཞིང་ཆུ་འདྲེན་གཏོང་མཐུན་རྐྱེན་སྦྱར། ཆོས་ལུགས་ཀྱི་མིང་ཚིག་མིན་པར་འཚོ་གནས་ཀྱི་ཆེད་དུ་ཤིང་སྡོང་འཛུགས་ཞེས་པའི་ལས་འགུལ་ལ་རྒྱལ་སྤྱིའི་ཁེ་ལས་མ་ཡིན་པའི་སྒྲིག་འཛུགས་ཁག་གི་རྒྱབ་སྐྱོར་ཐོབ། བྱམས་བརྩེའི་འཚོ་བའི་གྲྭ་བཙུན་དང་བླངས་པ་ཚོས་ཤིང་སྡོང་བཙུགས་ནས་འཛམ་གླིང་གི་གྷི་ཎི་སི་ཐོ་དེབ་ནང་དུ་ཟིན་ཐོ་བརྒལ། ༢༠༡༢་ལོར་འབྲུག་པ་རིན་པོ་ཆེས་བྱམས་བརྩེའི་འཚོ་བ་ཚོགས་པ་བཙུགས། འབྲུག་པ་རིན་པོ་ཆེ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་དབུ་ཁྲིད་ཡིན་ཞིང་། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ཡར་རྒྱས་ཀྱི་གཟེངས་ཐོབ། བྱམས་བརྩེའི་འཚོ་བའི་གྲྭ་བཙུན་དང་བླངས་པ་༩༨༡༤་ཡིས་ཧེ་མིས་དགོན་པའི་ཉེ་འཁྲིས་སུ་ལྕང་སྡོང་༩༩༡༠༩༡་བཏབ།།

བྱམས་བརྩེའི་འཚོ་བའི་མགྲིན་ཚབ་པ་ཞིག་གིས་རྒྱ་གར་དང་ཨེ་ཤི་ཡའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ལེ་ཙེའི་ས་གནས་ཀྱི་ས་ཁྱོན་ཨེ་ཀ་༦༠་ཙམ་ལ་ཤིང་སྡོང་འཛུགས་འཆར་ཡོད་པར་མ་ཟད། ལེ་ཙེ་ས་ཁུལ་དུ་ས་རྡོས་བརྩིགས་པའི་ཁང་པ་༣༠་ཡས་ཤིག་ཡོད་པ་དེ་དག་གི་ནང་དུ་གྲོང་པ་ཚོ་བསྡད་དེ་ནས་དང་ཁམ་བུ་བཏབ། འབྲོག་ལས་ཅུང་ཙམ་གཉེར་ནས་འཚོ་བར་རོལ། ད་ལོ་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་པ་དང་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཁག དེ་བཞིན་འབྲུག་པའི་ཆོས་རྒྱུད་འཛིན་པའི་ཁུན་ཧྥུའི་གྲྭ་བཙུན་བཅས་དང་བླངས་པ་༥༠༠༠་ཙམ་སྡོང་ཕྲུག་འདེབས་འཛུགས་ཀྱི་ལས་སུ་ཞུགས་རྒྱུ་ཡིན་འདུག ལེ་ཙེ་ས་གནས་ཀྱི་འགོ་ཁྲིད་ཅིག་གིས་ང་ཚོས་ཁམ་བུ་དང་ཀུན་ཤུ། སྟར་ཀ་དང་ལི་སིལ་སོགས་ཤིང་ཏོག་ཐོགས་པའི་སྡོང་ཕྲུག་རྣམས་འཛུགས་ཀྱི་ཡོད། ཐན་པ་བྱུང་བ་དང་ཆར་ཆུ་དཀོན་པའི་སྟབས་ཀྱིས་སྡོང་ཕྲུག་དེ་རྣམས་སྐྱེ་ཐུབ་ཐབས་སུ་ཆུ་རྐ་འཛུགས་སྐྲུན་བྱས་ནས་རྐ་ཆུ་འཐེན་ཡོད། རྐ་ཆུའི་ཆུ་རྣམས་སེངྒེ་ཁ་འབབ་ནས་འདྲེན་གྱི་ཡོད་ཅེས་བཀྲལ།།

བྱམས་བརྩེའི་འཚོ་བ་ཚོགས་པས་ལ་དྭགས་ཀྱི་སྐྱ་སྐམ་ས་གནས་དེ་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་སྟེ། ཁོ་ཚོས་ལ་དྭགས་སུ་རྩི་ཤིང་སྐྱེས་ཏེ་ས་བཅུད་ཉམས་པ་སླར་གསོ། ཆུ་ལོག་འགོག་དང་ས་ཉིལ་འགོག་པ། རི་སྐྱེས་སེམས་ཅན་ལ་འཚོ་ཡུལ་བསྐྲུན་རྒྱུ་དང་ལ་དྭགས་པ་ཚོས་ནགས་ཚལ་གྱི་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་ཞིག་ཏུ་སྒྱུར་ཐབས་ཀྱི་འགན་ལངས། ཕྱི་ཟླ་༥་པའི་ཚེས་༡༧་ཉིན་འབྲུག་ཡུལ་དང་བལ་ཡུལ་གྱི་བྱམས་བརྩེའི་འཚོ་བའི་ཚོགས་མི་རྣམས་ཀྱང་སྡོང་ཕྲུག་འདེབས་འཛུགས་ལ་མཉམ་ཞུགས་བྱ་རྒྱུ། ༢༠༡༢་ལོར་འབྲུག་པ་རིན་པོ་ཆེ་དངོས་སུ་སྡོང་ཕྲུག་འདེབས་འཛུགས་ཀྱི་ལས་འགུལ་ལ་ཞུགས་ཏེ་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ཕྱི་ལེ་༤༠་ཐམ་པའི་ས་མཚམས་ཀྱི་ས་ཁྱོན་ཆེན་པོ་ཞིག་ལ་སྡོང་ཕྲུག་བཙུགས། བྱམས་བརྩེའི་འཚོ་བའི་མགྲིན་ཚབ་པས་སྡོང་ཕྲུག་འདེབས་འཛུགས་ནི་ཆོས་ལུགས་ལ་འབྲེལ་བ་གཏན་ནས་མེད། འབྲུག་ཡུལ་དུ་བཞུགས་ཡོད་པའི་རྒྱལ་བ་མདོ་ཁམས་པའམ། ཁམས་སྤྲུལ་རིན་པོ་ཆེའི་ལམ་སྟོན་འོག་ཤིང་སྡོང་དེ་རྣམས་འཛུགས་རྒྱུ་ཡིན་ཞེས་བཤད་འདུག

ཕྱི་ཟླ་༥་པའི་ཚེས་༨་ཉིན་རྒྱ་གར་གྱི་བྱང་ཐིགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱམས་བརྩེའི་འཚོ་བའི་མགྲིན་ཚབ་པས་རྒྱལ་བ་མདོ་ཁམས་པ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ན་གཞོན་ཞིག་རེད། ཁོང་གིས་སངས་རྒྱས་ཆོས་ལུགས་ནི་བདེ་སྐྱིད་ཀྱི་ཐབས་ལམ་འཚོལ་ཐབས་ཤིག་ལས་ཆོས་ལུགས་ཤིག་ཏུ་མི་བརྩི། ཁོང་གི་བཞུགས་གནས་གཙོ་བོ་འབྲུག་ཡུལ་དང་བལ་ཡུལ་ཡིན་རུང་ལ་དྭགས་སུ་ཤིང་སྡོང་འཛུགས་རྒྱུ་དེར་ཆོད་སེམས་བརྟན་པོ་བཙུགས་ཡོད། ཁོང་སྐུ་ན་ཆུང་དུས་རྡོ་རྗེ་གླིང་དུ་འཚར་ལོངས་བྱུང་བ་དང་ཕྱིས་སུ་ཨ་རི་དང་ཡུ་རོབ། ཝི་ཏེ་ནམ་དང་མ་ལེ་ཤི་ཡ། ཧོང་ཀོང་དང་སིངྒ་པུར་སོགས་འགྲོ་དོན་སྐྱོང་གི་ཡོད་པ་རེད། འཛམ་གླིང་གི་རི་འཛེག་པ་ཚོས་ལ་དྭགས་སོགས་ཧི་མ་ལ་ཡའི་ལྗོངས་སུ་གད་སྙིགས་ཅི་ཙམ་གཏོར་གྱི་ཡོད་པ་ཀུན་གྱིས་མཐོང་གསལ་དུ་གྱུར། གད་སྙིགས་མང་ཆེ་བ་ཆུ་ནང་དུ་འཕེན་གྱི་ཡོད་པ་དང་རྒྱུག་ཆུ་དེ་རྣམས་མི་ཟོག་གི་འཐུང་ཆུ་ཡིན། ང་ཚོས་གད་སྙིགས་བསྡུས་ཏེ་སྡོང་ཕྲུག་བཙུགས་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ལས་འགན་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG