ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གིས་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་སྐོར་གྲོས་མོལ།


༄༅།། རྒྱ་དཀར་ནག་གི་དམག་དཔོན་ཚོས་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་ཁག་གི་གནད་དོན་ཐད་གྲོས་མོལ་ཐེངས་༡༨་པ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢༤་ཉིན་རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གི་དམག་དཔོན་ཚོས་ལ་དྭགས་ཤར་ཕྱོགས་ཀྱི་ཧིན་བོད་ས་མཚམས་ཀྱི་དབང་བསྒྱུར་ས་མཚམས་ཁག་གི་ཛ་དྲག་ཆུང་དུ་གཏོང་བར་གྲོས་མོལ་བྱས་ཤིང་། རྒྱ་དཀར་ནག་ཟུང་གིས་ཧིན་བོད་ས་མཚམས་སུ་དམག་དཔུང་ཕོན་ཆེན་འགྲེམ་འཇོག་བྱས་ནས་ཞི་བདེ་བསྐྲུན་དཀའ་བ་ཞིག་ཏུ་གྱུར་ཀྱང་པེ་ཅིང་དང་ལྡི་ལི་གསར་པ་གཉིས་ཀས་ས་གནས་ཀྱི་དམག་དཔུང་བཀོད་འདོམས་པ་ཚོར་གྲོས་མོལ་འཕྲོ་སྐྱོང་བྱེད་དུ་བཅུག་ཡོད་པའི་ཅེས་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་རྒྱལ་ས་གླེ་རུ་བཅའ་སྡོད་མེ་ལྕེའི་དཔུང་སྡེའི་བཀོད་འདོམས་པ་དམག་སྤྱི་གཞོན་པ་ར་ཤིམ་བྷ་ལིས་རྒྱ་གར་གྱི་སྐུ་ཚབ་ཚོགས་པས་སྣེ་ཁྲིད་ནས་གྲོས་མོལ་ལ་ཞུགས་པ་དང་རྒྱ་ནག་གི་ཞིན་ཅང་ལྷོ་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་ཁང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོ་གྲོས་མོལ་ལ་མཉམ་ཞུགས་བྱས་འདུག ལ་དྭགས་ཤར་ཕྱོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་དེ་རྒྱ་གར་གྱི་མེ་ལྕེ་དཔུང་སྡེར་སྤྲད། ༢༠༢༠་ལོའི་ཕྱི་ཟླ་༥་པ་ནས་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་ཁག་གི་ཛ་དྲག་ཞི་འཇམ་འགྲོ་ཐུབ་ཀྱི་མེད་པར་མ་ཟད། རྒྱ་དཀར་ནག་གི་དམག་མི་རྣམས་སྤང་གོང་མཚོའི་བྱང་ཕྱོགས་ཀྱི་ས་ཚིགས་བཞི་པར་གདོང་ཐུག་བྱུང་ཡོད་པའི་གནས་ཚུལ་ཐོན།།

༢༠༢༠་ལོའི་འཁྲུག་རྩོད་རྗེས་སུ་རྒྱ་དཀར་ནག་གཉིས་ཀས་སྤང་གོང་མཚོའི་བྱང་ཕྱོགས་དང་ལྷོ་ཕྱོགས། གོག་ར་དང་ཆུ་ཚན། སྡེ་བཟང་ལ་དང་བདེ་མཆོག་བཅས་སུ་དམག་དཔུང་བཀྲམ། ༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་དཀར་ནག་གི་ས་གནས་ཀྱི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ཐེངས་༡༧་པ་བྱས་ཤིང་། རྒྱ་གར་གྱི་དམག་དཔོན་ཚོས་ཧིན་བོད་ས་མཚམས་ཁག་གི་གནས་སྟངས་དེ་༢༠༢༠་ལོའི་ཕྱི་ཟླ་༤་པའི་མཚམས་དེར་ཕྱིར་ལོག་བྱ་དགོས། རྒྱ་ནག་གི་དམག་དཔུང་སྡེ་བཟང་ཐང་དང་བདེ་མཆོག་མངའ་ཁུལ་ནས་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་བཏོན། རྒྱ་དཀར་ནག་གིས་གྲོས་མོལ་ཐེངས་༡༧་བྱས་པའི་རྗེས་སུ་གྷལ་ཝན་ལུང་གཤོངས་ནས་དམག་དཔུང་ཕྱིར་འཐེན་བྱས་ཐུབ་ཡོད་པའི་གནས་ཚུལ་ཐོན།།

ཧིན་བོད་ས་མཚམས་ཀྱི་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་བྱས་པའི་ཞོར་དུ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣ་ཚོ་ཡང་གྲོས་མོལ་ལན་མང་བྱུང་། དེའི་མཇུག་འབྲས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་ཐུབ། གཟའ་ཉི་མའི་ཉིན་རྒྱ་གར་གྱི་གསར་འགྱུར་འབྱུང་ཁུངས་ཁག་གིས་གྲོས་མོལ་ཐེངས་༡༨་པ་དེ་ཆུ་ཤུལ་མོལ་མདོར་བྱས་ཡོད་ཅིང་། ཆུ་ཤུལ་མོལ་མདོ་ནི་ལ་དྭགས་ཀྱི་ཤར་ཕྱོགས་སུ་ཆགས། བདུན་ཕྲག་རྗེས་མར་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྲུང་བློན་ཆེན་རིམ་པའི་ཚོགས་འདུ་དེ་རྒྱ་གར་དུ་འཚོགས་ཀྱི་ཡོད་པ་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥུ་ཚོགས་འདུར་ཞུགས་རྒྱུ། འདི་ནི་ཟླ་བ་སྔོན་མར་ལི་ཧྲང་ཧྥུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་བསྐོ་བཞག་བྱས་པའི་རྗེས་སུ་རྒྱ་གར་དུ་ཚོགས་འདུར་ཡོང་གི་ཡོད་པ་ཐེངས་དང་པོ་ཡིན་འདུག

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་རྒྱ་གར་གྱི་ཚོང་ལས་ཚད་ལྡན་དུས་བབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༡༩་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་ང་ཚོས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས། ས་མཚམས་ཀྱི་འཁྲུག་རྩོད་རྣམས་ཞི་འཇམ་གཏོང་བར་གྲོས་མོལ་བྱས་ནས་མདུན་སྐྱོད་བྱ་རྒྱུ་ནི་ཐབས་ལམ་མཆོག་ཏུ་གྱུར་པ་དེ་རེད་ཅེས་དམག་དཔུང་ལ་གཏམ་བཤད་བྱས་འདུག རྒྱ་དཀར་ནག་གི་གྲོས་མོལ་གྱི་འབྲས་བུར་༢༠༢༢་ལོའི་ཕྱི་ཟླ་༩་པ་ནས་ལ་དྭགས་ཤར་ཕྱོགས་ཀྱི་གོག་ར་དང་ཆུ་ཚན་གྱི་ས་ཚིགས་༡༥་པ་ནས་ཕྱོགས་གཉིས་ཀས་སྐོར་གཡེང་བྱ་རྒྱུ་མཚམས་བཞག ཡིན་ནའང་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་རྒྱག་ཆོག་ཆོག་གི་གྲ་སྒྲིག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༤་པའི་ཚེས་༤་ཉིན་རྒྱ་གར་གྱི་དར་སྐུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་པའི་རྗེས་སུ་ཨ་མི་རི་ཀས་རྒྱ་གར་ལ་མཁོ་བའི་དམག་དོན་གྱི་རོགས་རམ་ཁག་ཅིག་བྱས་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཟུར་པ་ཞིག་གིས་ཉི་ཧོང་གི་གསར་འགོད་པ་ཞིག་ལ་ཨ་མི་རི་ཀས་MQ-9་རྟགས་ཅན་གྱི་མྱུལ་ཞིབ་འཕུར་གྲུ་གླས་ནས་རྒྱ་གར་ལ་རོགས་སྐྱོར་བྱས་པ་རེད། རྒྱ་གར་ལ་མྱུལ་ཞིབ་འཕུར་གྲུ་གླ་རྒྱུ་དེ་མགོ་རྙོག་ཆེན་པོ་ཡིན་རུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲད་དུ་རོགས་སྐྱོར་བྱ་དགོས་པའི་ནན་སྐུལ་བྱས་བྱུང་། དེ་བཞིན་ཨ་མི་རི་ཀས་རྒྱ་གར་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་དམག་དོན་ལ་མཁོ་བའི་རོགས་སྐྱོར་བྱས་པ་ཁག་ཅིག་རྒྱ་གར་གྱིས་གསང་བྱས་ནས་བསྒྲགས་ཀྱི་མི་འདུག་ཅེས་བསྟན།།

ཁེ་རེ་སི་ཇཱོན་སི་ཊོན་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཡིན་ཞིང་། ཁོང་གིས་ཉི་ཧོང་གི་ནི་ཁེ་ཨེ་ཤི་ཡ་གསར་ཁང་གི་གསར་འགོད་པར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐག་གཅོད་གསལ་པོ་ཞིག་བྱས་པ་དང་ཕོ་བྲང་དཀར་པོས་རྒྱ་གར་གྱི་དགོས་མཁོར་གཞིགས་ནས་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུའི་ཐག་བཅད། སྐབས་དེའི་རྒྱབ་སྐྱོར་གྱིས་བཞི་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བ་སྲ་བརྟན་གཏོང་ཐུབ་ཡོད་པ་དང་སྲིད་འཛིན་བྷ་ཌན་གྱི་དུས་སུ་རྒྱ་གར་དང་ཨ་རིའི་འབྲེལ་བ་ཚད་མཐོ་རུ་གཏོང་བའི་རྨང་གཞི་བསྐྲུན་པ་རེད་ཅེས་བཀྲལ། སྲིད་འཛིན་ཊམ་གྱི་གཞུང་འཛིན་ལྷན་ཁང་གི་ལས་སྣེ་གཞན་ཞིག་གིས་ཀྱང་ཨ་མི་རི་ཀས་རྒྱ་གར་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་བྱས་པ་རེད། སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་ནག་ལ་འཁྲུག་རྩོད་མི་སློང་བའི་ཆེད་དུ་ཨ་རིས་རོགས་སྐྱོར་བྱས་པ་ཁག་ཅིག་གསང་གི་འདུག་ཅེས་སྙན་ཐོ་བཏོན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG