ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་ནག་གིས་འབར་མའི་ས་ཐོག་ཏུ་དམག་དོན་རྟེན་གཞི་བཙུགས་པའི་དོགས་པ། 


༄༅།། ཉེ་ཆར་དབྱིན་ཇིའི་ཞིབ་འཇུག་ལས་ཁང་ཞིག་གིས་རྒྱ་གར་གྱི་ཉེ་འཁྲིས་སུ་ཆགས་པའི་འབར་མའི་གླིང་ཚོམ་ཞིག་གི་ཐོག་ཏུ་དམག་དོན་རྟེན་གཞི་ཡར་རྒྱས་བཏང་འདུག་ཅེས་སྙན་ཐོ་བཏོན། ཉམས་ཞིབ་པ་ཚོས་རྒྱ་ནག་མ་གཏོགས་འབར་མའི་གླིང་ཚོམ་དེའི་སྟེང་དུ་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱས་ནས་ཡར་རྒྱས་གཏོང་ཐུབ་པའི་སྟོབས་ཤུགས་སུ་ལའང་མེད། འབར་མའི་དམག་གཞུང་ལ་དམག་དོན་རྟེན་གཞི་ཞིག་འཛུགས་སྐྲུན་བྱེད་པའི་སྟོབས་འབྱོར་གཉིས་ཀ་མི་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡༡་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་སྔོན་མར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཆ་ཐམ་ཁང་གི་ཉམས་ཞིབ་པ་ཚོས་བངྒ་ལའི་མཚོ་ཁུག་ནས་སྤྱི་ལེ་༥༥་ཡི་མཚམས་སུ་ཆགས་པའི་རྒྱ་གར་གྱི་ཨན་དྷ་མན་དང་ནི་ཀོ་བྷར་གླིང་ཕྲན་གྱི་བྱང་ཕྱོགས་སུ་འབར་མའི་ཀོ་ཀོ་གླིང་ཕྲན་ཡོད་པ་དེའི་ཐོག་ཏུ་གནམ་དམག་དང་མཚོ་དམག་གི་རྟེན་གཞི་ཚུགས་ཡོད་པ་རྣམས་འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་གསལ་འདུག་ཅེས་བསྒྲགས། འབར་མའི་གླིང་ཚོམ་དེའི་སྟེང་དུ་དེང་རབས་ཀྱི་དམག་འཐབ་གནམ་གྲུ་འབབ་ས་དང་དམག་གྲུ་འཇོག་ས་སོགས་འཛུགས་སྐྲུན་བྱས་ཡོད་པ་ཡོད་ཤེས་རྟོགས་བྱུང་འདུག

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་དབྱིན་ཇིའི་ཞིབ་འཇུག་ཁང་དེའི་སྙན་ཐོ་ནི་ཅོལ་ཆུང་གི་སྐད་ཆ་ཞིག་རེད་ཅེས་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་སྐད་འཕྲིན་བརྒྱུད་ནས་འདྲི་རྩད་བྱས་པར་ལན་བཏབ། དེའི་སྔོན་དེར་འབར་མའི་དམག་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཀྱང་ང་ཚོའི་གླིང་ཚོམ་ཐོག་ཏུ་རྒྱ་ནག་གི་དམག་དོན་རྟེན་གཞི་བཙུགས་འདུག་ཟེར་བ་ནི་གཏམ་རྣ་བར་མི་འགྲོ་བ་ཞིག་རེད་ཅེས་སྙན་ཐོ་དེར་དགག་པ་བརྒྱབ། དབྱིན་ཇིའི་ཆམ་ཐམ་ཁང་གི་སྙན་ཐོ་དེར་འདས་པའི་ལོ་བཅུའི་རིང་གནམ་གྲུའི་འཕུར་ལམ་རྒྱ་བསྐྱེད་ཡོད་པ་ནི་ཧ་ཅང་གི་མངོན་གསལ་དོད་པོ་རེད་ཅེས་བསྟན། ད་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་མེཀ་སར་འཕྲུལ་རིག་ཞིབ་འཇུག་ཁང་གི་འཁོར་སྐར་གྱིས་འབར་མའི་གླིང་ཚོམ་དེའི་ཐོག་ཏུ་འདོགས་བཟུང་དང་རེ་ཌར་འཕྲུལ་ཆས། ཀོ་ཀོ་གླིང་ཕྲན་ཆེན་མོའི་ལྷོ་ཕྱོགས་སུ་རླབས་རགས་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་པའི་འདྲ་པར་རྣམས་བླངས། གླིང་ཕྲན་དེར་མི་མང་་༡༥༠༠་འཚོ་གནས་བྱེད་བཞིན་པའི་གནས་ཚུལ་ཐོན།།

ཨོ་གླིང་ནུབ་ཕྱོགས་སློབ་ཆེན་གྱི་རྒྱལ་སྲུང་དང་བདེ་འཇགས་སློབ་གླིང་གི་ཉམས་ཞིབ་པ་ཊོ་རི་ལི་བྷ་རོང་གིས་འཁོར་སྐར་གྱིས་བླངས་པའི་འདྲ་པར་ཁག་ལ་བལྟས་ན་སྔོན་ཆད་གླིང་ཚོམ་དེ་རེ་ཌར་འཕྲུལ་ཆས་ཐེབས་ཆག་ཅིག་འཛུགས་ས་ཡིན་རུང་ད་ལྟ་དམག་དོན་གྱི་རྟེན་གཞི་འཐུས་སྒོ་ཚང་བ་ཞིག་ཏུ་གྱུར་ཡོད་པ་མཐོང་ཐུབ་ཀྱི་འདུག་ཅེས་བསྟན། ཁེ་ན་ཌའི་ཝན་ཁུ་ཝར་གྲོང་ཁྱེར་གྱི་བྷི་རི་ཊི་ཤི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་སི་ཝ་རན་སིང་གིས་འབར་མའི་གཞུང་ལ་རྒྱ་གར་གྱི་འགུལ་སྐྱོད་ལ་རྟོག་ཞིབ་བྱེད་པར་དམག་དོན་རྟེན་གཞི་དེ་འདྲ་ཞིག་འཛུགས་སྐྲུན་བྱེད་པའི་ཀུན་སློང་དང་དཔལ་འབྱོར། འཕྲུལ་རིག་ལག་རྩལ་སོགས་མེད་ཅིང་། ཉི་ཧོང་ཀོང་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་རྒྱ་གར་ལ་འབྲེལ་བ་བཟང་པོ་ཡོད་པས་འབར་མའི་ཀོ་ཀོ་གླིང་ཚོམ་ཐོག་ཏུ་དམག་དོན་རྟེན་གཞི་འཛུགས་མི་སྲིད། འདས་པའི་ལོ་༣༠་རིང་རྒྱ་ནག་གླིང་ཚོམ་དེའི་ཐོག་ཏུ་བསྐྱོད་ཆོག་པའི་འཁྲོལ་ཆ་ཐོབ། དེས་ན་རྒྱ་ནག་མ་གཏོགས་འགྲོ་ས་མི་འདུག་ཅེས་བཀྲལ།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༦་ལོར་རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཇཱི་བྷུ་ཊིའི་ས་ཐོག་ཏུ་མཚོ་དམག་གི་རྟེན་གཞི་ཚུགས། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་སིངྒ་ལའི་གྲུ་ཁ་ཞིག་ལོ་༩༩་ལ་གླས་པ་དང་པ་ཀི་སི་ཐན་གྱི་གོ་ཝ་དྷར་གྲུ་ཁ་ཡང་རྒྱ་ནག་གིས་འཛུགས་སྐྲུན་བྱས་ཏེ་རྒྱ་གར་རྒྱ་མཚོའི་ནང་དུ་དམག་ས་འཛིན་ཐུབ་པ་ཞིག་བྱུང་ཞིང་། ཨན་དྷ་མན་དང་ནི་ཀོ་བྷར་གླིང་ཕྲན་ཁག་ནི་རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་རྟེན་གཞི་འབའ་ཞིག་ཡིན་པ་དང་༢༠༠༡་ལོར་དམག་དོན་རྟེན་གཞི་དེ་ཚུགས། རྒྱ་གར་གྱི་དམག་དོན་རྟེན་གཞི་དེ་བངྒ་ལའི་མཚོ་ཁུག་ཏུ་ས་ཁྱོན་སྤྱི་ལེ་༧༥༠་ཐམ་པར་སྙོབ་ཐུབ། དེར་བརྟེན་རྒྱ་གར་གྱི་མཚོ་འོག་གི་འབྲེལ་ལམ་དར་སྐུད་དང་ཚོང་ལམ། མ་ལ་ཀ་མཚོ་འགག་ནས་རྒྱ་གར་རྒྱ་མཚོའི་ནང་དུ་དངོས་ཟོག་སྐྱེལ་འདྲེན་བཅས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་སྟོབས་རྒྱས། ཉམས་ཞིབ་པ་ཊོ་རི་ལི་བྷ་རོང་ནས་རྒྱ་ནག་གིས་ས་གནས་ཀྱི་མཚོ་ལམ་དང་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་སྤྱིའི་མཚོ་ལམ་ལ་ཞིབ་འཇུག་བྱེད་ཀྱི་འདུག འབར་མའི་ཀོ་ཀོ་གླིང་ཚོམ་དེ་ཉིད་དམག་དོན་ལ་གནད་འགག་ཆེ་བས་རྒྱ་གར་གྱིས་བློ་འཚབ་བྱེད་དགོས་ངེས་རེད་ཅེས་བཤད།།

ཨ་རིའི་རན་ཌི་བཟོ་ཚོང་ཁང་གི་རྒྱལ་སྲུང་ཉམས་ཞིབ་པ་ཊི་མོ་ཊི་ཧི་ཐེས་གལ་སྲིད་འབར་མའི་གླིང་ཚོམ་དེར་དམག་དོན་རྟེན་གཞི་བཙུགས་ཡོད་པ་རྒྱ་ནག་གི་ཡིན་པ་ར་འཕྲོད་ཚེ། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་རེད། འབར་མའི་གླིང་ཚོམ་དེའི་ཐོག་ནས་རྒྱ་དམག་གིས་རྟོག་ཞིབ་དང་སྐོར་གཡེང་། གསང་བའི་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱ་གར་གྱི་གྲུ་གཟིངས་ཁག་ལ་སུན་གཙེར་བྱེད་ཐུབ། གལ་སྲིད་དམག་འཁྲུག་ཆེན་པོ་ཞིག་ལངས་ན་ཨན་དྷ་མན་དང་ནི་ཀོ་བྷར་གླིང་ཕྲན་གྱི་རྒྱ་གར་བའི་དམག་གིས་འབར་མའི་ཀོ་ཀོ་གླིང་ཚོམ་ཐོག་ཏུ་གཞིས་ཚུགས་ཡོད་པའི་དམག་དོན་རྟེན་གཞི་དེ་བདེ་བླག་ཏུ་རྩ་གཏོར་གཏོང་ཐུབ་ཀྱི་རེད་ཅེས་ལྟ་ཚུལ་བརྗོད། ཉམས་ཞིབ་པ་སིང་གིས་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་དང་འབར་མའི་དམག་གི་འབྲེལ་བ་ཆད། ༡༩༨༨་ནས་རྒྱ་ནག་ནི་འབར་མའི་དམག་གིས་འབྲེལ་བ་འཛུགས་ས་ཁོ་ན་ཡིན་པར་མ་ཟད། རྒྱ་ནག་གིས་འབར་མའི་དམག་ལ་མཚོན་ཆ་དང་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ཅེས་བཤད།།

དབྱིན་ཇིའི་ཆ་ཐམ་ཁང་གི་ཞིབ་འཇུག་སྙན་ཐོ་དེར་འབར་མའི་དམག་གཞུང་ལ་དཔལ་འབྱོར་དཀའ་ངལ་འཕྲད་ཡོད་པ་དང་རྒྱ་ནག་གིས་མ་རྩ་བཙུགས་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དགོས་ངེས་སུ་གྱུར། རྒྱ་ནག་གིས་སྐོར་གཡེང་མྱུལ་ཞིབ་དང་གསང་བའི་གནས་ཚུལ་བསྡུ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་གནོན་ཤུགས་སྤྲད་ན་འབར་མའི་དམག་གཞུང་གིས་དེ་ལ་མོས་མཐུན་མི་བྱ་ཐབས་མེད་རེད། དེ་ནས་རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་ནས་རྒྱ་གར་ལ་གནོན་ཤུགས་སྤྲོད་ཐུབ་རྒྱུ་ཤུགས་ཆེ་རུ་འགྲོ་ཤས་ཆེ། ཕྱི་ཟླ་༣་པའི་ཟླ་མཇུག་དེར་འབར་མའི་ཀོ་ཀོ་གླིང་ཚོམ་གྱི་ལྷོ་སྣེ་དེར་ས་བརྐོས་རྡོ་སློག་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ན་དམག་དོན་གྱི་རྟེན་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་རྣམ་པ་ཞིག་མངོན། རྒྱ་གར་གྱིས་དུས་དང་རྣམ་པ་ཀུན་ཏུ་ཀོ་ཀོ་གླིང་ཚོམ་ཐོག་ཏུ་རྒྱ་ནག་གིས་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་རྟོག་ཞིབ་དང་འབར་མའི་དམག་གཞུང་ལ་དམག་དོན་རྟེན་གཞི་དེ་ཡར་རྒྱས་གཏོང་གི་ཡོད་པའི་དགོས་པ་ཅི་ཡིན། དམག་དོན་རྟེན་གཞི་དེ་སུའི་ཡིན་མིན་འདྲི་རྩད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་འབར་མ་དང་ཁེམ་བྷོ་ཌི་ཡའི་ས་ཐོག་ཏུ་གསང་ཉུལ་གྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག འབར་མ་དང་ཁེམ་བྷོ་ཌི་ཡ་གཉིས་ཀར་དཔལ་འབྱོར་དང་ཚོང་ལས། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་དཀའ་ངལ་ཆེན་པོ་ཡོད་པས་རྒྱ་ནག་གིས་རྒྱལ་ཁབ་དེ་དག་ལ་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་འགོག་ཐབས་བྲལ་ཞེས་གནས་ཚུལ་སྤེལ། དབྱིན་ཇིའི་དཔལ་འབྱོར་དུས་བས་ཚགས་པར་ལ་འབར་མའི་ཀོ་ཀོ་གླིང་ཚོམ་ཐོག་ཏུ་རིང་ཚད་མི་ཊར་༢༣༠༠་ཡོད་པའི་འཕུར་ལམ་གསར་པ་ཞིག་འཛུགས་སྐྲུན་བྱས་ཤིང་། རྒྱ་ནག་གིས་འབར་མ་དང་ཁེམ་བྷོ་ཌི་ཡ། པ་ཀི་སི་ཐན་དང་སིངྒ་ལ་སོགས་བརྒྱུད་ནས་རྒྱ་གར་རྒྱ་མཚོ་མཐའ་བསྐོར་རྒྱུའི་འཐབ་ཇུས་འཛིན་གྱི་འདུག་ཅེས་གནས་ཚུལ་སྤེལ། ཁེམ་བྷོ་ཌི་ཡའི་ཉིན་རེའི་ཚགས་པར་གྱིས་རྒྱལ་ཁབ་དེའི་སྲིད་གཞུང་གིས་རྒྱ་ནག་ནས་འགྲོ་གྲོན་བསྐྱིས་ཏེ་གནམ་དམག་གི་རྟེན་གཞི་འཛུགས་སྐྲུན་དང་རེ་ཌར་འཕྲུལ་ཆས་འཛུགས་འཆར་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག

XS
SM
MD
LG