ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འབར་མའི་དམག་གཞུང་གིས་སྲིད་དོན་ཚོགས་པ་༤༠་སྒོ་བརྒྱབ། 


༄༅།། འབར་མའི་དམག་གཞུང་གིས་ཨང་སན་སུ་ཇིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཙོས་སྲིད་དོན་ཚོགས་པ་༤༠་སྒོ་བརྒྱབ་པར་ཨ་རི་དང་དབྱིན་ཇི། ཉི་ཧོང་དང་ཨོ་གླིང་བཅས་ཀྱིས་ཁ་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༣༠་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གཞོན་པ་ཝེ་དནྟ་པ་ཊེལ་གྱིས་འབར་མའི་དམག་གཞུང་གིས་འོས་བསྡུ་ཅི་ཞིག་བྱས་ཀྱང་སྲིད་དོན་ཚོགས་པ་༤༠་ཐམ་པ་ཆབ་སྲིད་ལ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པས་འོས་བསྡུ་དེ་དྲང་སྙོམས་དང་རང་དབང་ལྡན་པ་ཞིག་འབྱུང་མི་སྲིད། ལྷག་པར་དུ་འབར་མའི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དཀའ། ཨང་སན་སུ་ཇིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་ཚུད་པའི་སྲིད་དོན་ཚོགས་པ་ཇི་སྙེད་ཅིག་སྒོ་བརྒྱབ་པར་ཨ་མི་རི་ཀས་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅེས་གསལ་བསྒྲགས་སྤེལ། འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱིས་དམག་གཞུང་གི་ཐག་གཅོད་དེ་ཁྲིམས་འགལ་རེད། སྲིད་དོན་ཚོགས་པ་དེ་འོས་བསྡུའི་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ།།

ཉི་ཧོང་ཕྱི་སྲིད་ལྷན་ཁང་གིས་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཆབ་སྲིད་ལ་ཞུགས་མི་ཆོག་པའི་བཀག་འགོག་བྱས་པར་བློ་འཚབ་ཆེན་པོ་ཡོད། འབར་མའི་དམག་གཞུང་གི་ཐག་གཅོད་དེ་རྒྱལ་ཁབ་དེའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་མེད། ཉི་ཧོང་གིས་འབར་མའི་དམག་གཞུང་ལ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཨང་སན་སུ་ཇི་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་བཙོན་ཁང་ནས་གློད་གྲོལ་ཐོངས། སྲིད་དོན་ཚོགས་པ་ཚང་མ་མཉམ་འདུས་ཀྱིས་འབར་མའི་རྩོད་གཞི་རྣམས་ཞི་བའི་སྒོ་ནས་སེལ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འབར་མའི་དམག་གིས་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་སོགས་སྒོ་བརྒྱབ་པ་ནི་འབར་མའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་རྡོག་བརྫིས་བཏང་བ་ཞིག་རེད་ཅེས་སྐྱོན་བཙུགས། ཨོ་གླིང་གཞུང་གིས་འབར་མའི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་ཆབ་སྲིད་ལ་མཉམ་ཞུགས་བྱེད་དུ་མ་བཅུག་ན་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་མདུན་ལམ་སྔར་ལས་ཇེ་དོག་ཏུ་འགྲོ་རྒྱུ་རེད་གསལ་བསྒྲགས་སྤེལ་འདུག

༢༠༢༡་ལོའི་ཕྱི་ཟླ་༢་པའི་ནང་དུ་འབར་མའི་དམག་གིས་སྲིད་དབང་ཕྲོགས། དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ཨང་སན་སུ་ཇིར་ནག་ཉེས་འདྲ་མིན་ཞིག་བཙུགས་ཏེ་ལོ་༣༣་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད། ད་ལྟ་ཨང་སན་སུ་ཇི་དགུང་ལོ་༧༧་ཡིན་པས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་མཚུངས། ཨང་སན་སུ་ཇིའི་རྒྱབ་སྐྱོར་བ་ཚོས་འབར་མའི་དམག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་དམངས་གཙོའི་དབུ་ཁྲིད་དེར་ནག་ཉེས་རྫུན་མ་བཙུགས་པ་རེད་ཅེས་བསྟན། ༢༠༢༠་ལོའི་སྤྱི་ཡོངས་འོས་བསྡུའི་སྐབས་སུ་ཨང་སན་སུ་ཇིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། འབར་མའི་དམག་གིས་འོས་བསྡུའི་གྲུབ་འབྲས་ངོས་ལེན་མ་བྱས་པར་སྲིད་གཞུང་མགོ་རྟིང་བསློགས། ཁོ་ཚོས་འོས་བསྡུའི་བཅའ་ཁྲིམས་གསར་པ་བཟོས་ནས་བསྐྱར་དུ་འོས་འདེམས་བྱ་རྒྱུ་ཡིན་ཟེར། འོན་ཀྱང་འབར་མའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་གཞུང་གིས་འོས་བསྡུ་དྲང་སྙོམས་ཤིག་བྱེད་མི་སྲིད་པ་དང་དམག་གཞུང་གི་འོས་བསྡུར་ངོས་ལེན་བྱ་རྒྱ་མིན་པའི་གནས་ཚུལ་ཐོན།།

གཟའ་འཁོར་འདིར་འབར་མའི་དམག་གཞུང་གིས་ཕྱི་ཟླ་༨་པའི་ནང་དུ་སྤྱི་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཁོ་ཚོས་གཏན་འབེབས་བྱས་པའི་འོས་བསྡུའི་སྒྲིག་གཞི་གསར་པའི་ནང་དུ་རྒྱལ་ཡོངས་ཀྱི་སྲིད་དོན་ཚོགས་པ་ཁག་ཆབ་སྲིད་ལ་ཞུགས་ཐུབ་རྒྱུ་དཀའ་ངལ་ཆེ་རུ་བཏང་ཡོད་པ་སྟེ། སྲིད་དོན་ཚོགས་པ་ཁག་གིས་གཞུང་ལ་ཐོ་འགོད་བྱས་ནས་ཉི་མ་༩༠་ཐམ་པའི་ནང་ཚུད་དུ་ཚོགས་མི་འབུམ་༡་བསྡུ་དགོས་ཞེས་ཆ་རྐྱེན་བཏོན། དེ་ནི་སྔོན་ཆད་སྲིད་དོན་ཚོགས་པ་ཁག་གིས་ཚོགས་མི་༡༠༠༠་བསྡུ་ཐུབ་དགོས་ཞེས་བཀོད་ཡོད་པའི་ཆ་རྐྱེན་ལས་ཀྱང་བསྒྲུབ་དཀའ་བ་ཞིག་ཏུ་སོང་། འབར་མའི་དམག་གཞུང་གིས་སྲིད་དོན་ཚོགས་པ་ཁག་གིས་ཟླ་བ་༦་གི་ནང་ཚུད་དུ་རྒྱལ་ཁབ་དེར་གྲོང་རྡལ་༣༣༠་ཡོད་པ་དེའི་ཕྱེད་ཀར་སྲིད་དོན་ཚོགས་པའི་ཡན་ལག་ལས་ཁུངས་འཛུགས་དགོས། སྲིད་དོན་ཚོགས་པ་ཁག་གིས་ཉུང་མཐའ་ཡང་རྒྱལ་ཡོངས་ཀྱི་འོས་བསྡུའི་ས་ཁུལ་ཕྱེད་ཀའི་ནང་དུ་འོས་བསྡུར་ཞུགས་ནས་འགྲན་རྩོད་བྱ་དགོས། སྲིད་དོན་ཚོགས་པ་ཁག་ལ་འབར་མའི་དངུལ་སྒོར་དུང་ཕྱུར་གཅིག་གམ། ཡང་ན་དབྱིན་སྒོར་ཁྲི་ཚོ་༤་ཡི་མ་དངུལ་ཡོད་དགོས་ཞེས་གཏན་འབེབས་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ནི་དམག་གཞུང་གི་བཀོད་ཇུས་ལྟར་གཡོ་ཁྲམ་གྱི་འོས་བསྡུ་དེར་མཉམ་ཞུགས་བྱ་རྒྱུ་མིན། དེང་སྐབས་འབར་མའི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་བཙོན་དུ་བཅུག་ཡོད་པ་དང་གསར་འགོད་རང་དབང་མེད་པ། འབར་མའི་དམག་གི་དབང་བསྒྱུར་འོག་ཏུ་ནམ་ཡང་འོས་འདེམས་དྲང་སྙོམས་ཤིག་ཡོང་གི་མ་རེད་ཅེས་དགག་པ་བརྒྱབ། འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཀི་ཡོ་ཧ་ཏ་ཝེས་ང་ཚོའི་སྲིད་དོན་ཚོགས་པ་ཚུགས་ཐུབ་རྒྱུ་ཡིན་མིན་ནི་དམག་གཞུང་གི་ཐག་གཅོད་ཅིག་ལ་རག་ལས་མེད། ཇི་སྲིད་འབར་མའི་མི་དམངས་ཀྱིས་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་རྒྱབ་སྐྱོར་ཡོད་པ་དེ་སྲིད་དུ་སྲིད་དོན་ཚོགས་པ་འདི་གནས་ཐུབ། ང་ཚོའི་སྲིད་དོན་ཚོགས་པར་མང་ཚོགས་ཀྱིས་འགན་དབང་བཅོལ་ཡོད་པས་ལས་འགན་བསྒྲུབ་རྒྱུ་ཡིན་ཅེས་བཀྲལ།།

སྐུ་ཞབས་ཀི་ཡོ་ཧ་ཏ་ཝེའི་སྐད་ཆ་དེ་༢༠༢༡་གི་ཕྱི་ཟླ་༥་པའི་ནང་འབར་མའི་རྒྱལ་ཡོངས་མི་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཨང་སན་སུ་ཇི་ཁྲིམས་ཁང་དུ་ཁྲིད། ཁོང་ལ་ཁྲིམས་བཤེར་ཐེངས་དང་པོ་བྱས་པའི་སྐབས་སུ་ཨང་སན་སུ་ཇིས་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པ་དེ་མི་དམངས་ཀྱིས་བཙུགས་པ་རེད། ཇི་སྲིད་འབར་མའི་མི་དམངས་གནས་པ་དེ་སྲིད་དུ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་འཚོ་གནས་ཐུབ་ཀྱི་རེད་ཅེས་ལན་འདེབས་བྱས་པ་དང་འདྲ་ཞིང་། གཟའ་མིག་དམར་ཉིན་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་གྱི་རྒྱལ་སྤྱིའི་དཀའ་རྙོག་ཞིབ་འཇུག་ཁང་གིས་༢༠༢༡་གི་སྲིད་འགྱུར་རྗེས་སུ་འབར་མའི་དམག་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་པ་དང་མང་ཚོགས་ཀྱིས་དམག་གཞུང་ལ་གྱེན་ལོག་བྱེད་བཞིན་ཡོད་པས་འོས་བསྡུ་དེ་ཡིད་རྟོན་རུང་བ་ཞིག་འབྱུང་མི་ཐུབ། འབར་མའི་དམག་གིས་འོས་འདེམས་བྱ་དགོས་པའི་བཙན་བཀའ་བཏང་ན་སྲིད་འགྱུར་གཞུག་གི་འཁྲུག་རྩོད་འདི་ཛ་དྲག་ཆེ་རུ་འགྲོ་ཤས་ཆེ་ཞེས་ཉེན་བརྡ་བཏང་འདུག

༢༠༢༠་ལོའི་འབར་མའི་སྤྱི་ཡོངས་འོས་བསྡུར་སྲིད་དོན་ཚོགས་པ་༩༠་ཐམ་པ་འགྲན་ཞུགས་བྱས་ཀྱང་ད་ལོ་འབར་མའི་དམག་གཞུང་གིས་སྲིད་དོན་ཚོགས་པ་ཕྱེད་ཀ་ཙམ་སྒོ་བརྒྱབ། ཁ་སང་གཟའ་ལྷག་པའི་ཉིན་འབར་མའི་དམག་གཞུང་གིས་སྲིད་དོན་ཚོགས་པ་༥༠་ཐམ་པ་སྤྱི་ཡོངས་འོས་བསྡུར་མཉམ་ཞུགས་བྱ་རྒྱུའི་ཐོ་འགོད་བྱས་འདུག སྲིད་དོན་ཚོགས་པ་༤༠་ཐམ་པས་ཐོ་འགོད་བྱས་མི་འདུག་ཅེས་སྲིད་དོན་ཚོགས་པ་དེ་རྣམས་རང་བཞིན་གྱིས་སྤྱི་ཡོངས་འོས་བསྡུར་ཞུགས་མི་ཐུབ་པར་གྱུར། སྲིད་དོན་ཚོགས་པ་༥༠་ཐམ་པར་རྒྱལ་ཡོངས་གྲོས་ཚོགས་སུ་གདན་གྲངས་ཉུང་བ་དང་དམག་གི་དབང་བསྒྱུར་ལ་ཁ་གཏད་ནུས་པ་ཐོན་པ་ཞིག་གཅོག་ཐབས་བྲལ། འབར་མའི་དམག་གི་རྒྱབ་སྐྱོར་ཡོད་པའི་ཆིག་སྒྲིལ་ཡར་རྒྱས་ཚོགས་པར་༢༠༡༥་དང་༢༠༢༠་ལོར་འོས་ཤོག་ཨང་གཉིས་པ་ཐོབ། ད་ལོ་ཡང་འབར་མའི་ཆིག་སྒྲིལ་ཡར་རྒྱས་ཚོགས་པ་འོས་འདེམས་ལ་མཉམ་ཞུགས་བྱ་རྒྱུའི་ཐག་བཅད། ཤན་མི་རིགས་དམངས་གཙོ་མཐུན་ཚོགས་དང་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཉིས་ལ་འོས་ཤོག་ཨང་གསུམ་པ་ཐོབ་ཀྱང་སྲིད་དོན་ཚོགས་པ་དེ་དག་ལོ་འདིའི་འོས་བསྡུར་མཉམ་ཞུགས་བྱ་རྒྱུ་མིན་པའི་གནས་ཚུལ་ཐོན།།

འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ནི་༡༩༨༨་ལོར་བཙུགས། ༡༩༩༠་ཐམ་པའི་ལོར་སྲིད་དོན་ཚོགས་པ་དེར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་འབར་མའི་དམག་གི་འགོ་ཁྲིད་ཚོས་འོས་བསྡུའི་གྲུབ་འབྲས་བརྩི་མེད་བཏང་བར་མ་ཟད། ཁོ་ཚོས་༡༩༨༩་ནས་༢༠༡༠་བར་དུ་ཨང་སན་སུ་ཇི་ལོ་བཅོ་ལྔའི་རིང་རང་ཁྱིམ་དུ་བཟང་བཙོན་དུ་བཅུག་ཅིང་། ༡༩༩༡་ལོར་ཨན་སང་སུ་ཇིར་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ༢༠༡༠་ལོར་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱིས་འོས་བསྡུ་དེར་རང་དབང་མེད་པ་དང་དྲང་སྙོམས་ཤིག་འབྱུང་གི་མི་འདུག་ཅེས་ངོ་རྒོལ་བྱས་ནས་སྤྱི་ཡོངས་འོས་བསྡུར་མཉམ་ཞུགས་མ་བྱས་པའི་རྗེས་སུ་སྲིད་དོན་ཚོགས་པ་དེ་ཆབ་སྲིད་ལ་ཞུགས་མི་ཆོག་ཅེས་བཀག ༢༠༡༥་ལོར་འབར་མར་དམངས་གཙོའི་འགྱུར་བཅོས་བཏང་སྟེ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱང་ཨན་སན་སུ་ཇིས་ཕྱི་རྒྱལ་བ་ཞིག་ལ་གཉེན་སྒྲིག་བྱས་པ་རེད་ཅེས་སྲིད་འཛིན་གྱི་གོ་གནས་འཛིན་དུ་མ་བཅུག ཨན་སང་སུ་ཇི་ནི་འབར་མའི་རང་བཙན་གྱི་དབུ་ཁྲིད་འདས་པོ་དམག་སྤྱི་ཨང་སན་གྱི་བུ་མོ་ཡིན་ཞིང་། ཁོ་མོས་མི་ཚེ་ཧྲིལ་པོར་ཞི་བའི་སྒོ་ནས་འབར་མ་རྒྱལ་ཁབ་ལ་དམག་གིས་དབང་བསྒྱུར་བྱེད་བཞིན་མཇུག་སྒྲིལ་ཐབས་སུ་འཐབ་རྩོད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། འབར་མའི་མི་དམངས་ཀྱིས་དམག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས་གྱེན་ལོག་ལངས། འབར་མའི་དམག་གིས་མི་དམངས་ལ་དྲག་གནོན་དང་གྱེན་ལོག་པ་ཚོར་གནམ་དམག་གིས་གཏོར་རྒོལ་བྱས་ནས་མི་གྲངས་ས་ཡ་༡་དང་འབུམ་༤་མ་ཟིན་ཙམ་ཞིག་རང་ཁྱིམ་ནས་བྲོས། འབར་མའི་ས་ཁུལ་མང་ཆེ་བར་མི་དམངས་གྱེན་ལོག་པ་དང་དམག་གཞུང་གཉིས་ཀྱིས་ནང་འཁྲུག་དྲག་པོ་རྒྱག་རྒྱུ་མགོ་བརྩམས། བདུན་ཕྲག་འདིར་འབར་མའི་དམག་གི་དབང་འཛིན་པ་མིན་ཨང་ལཱེང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་གྱེན་ལོག་པ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་དམག་གཞུང་ལ་རྒྱབ་སྐྱོར་བྱས་ནས་དམངས་གཙོའི་ལམ་དུ་ཕྱིར་ལོག་བྱེད་དུ་འཇུག་དགོས། འབར་མའི་དམག་གིས་སྲིད་དབང་ཕྲོགས་ཏེ་དམངས་གཙོའི་ལམ་ལུགས་མེད་པར་བཏང་བ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ལུངས་ཁུངས་མི་འདུག ང་ཚོས་༢༠༢༣་གྱི་ཕྱི་ཟླ་༨་པར་དམངས་གཙོའི་འོས་བསྡུ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཚོས་འབར་མའི་དམག་གིས་འོས་བསྡུ་བྱེད་དུ་འཇུག་གི་ཡོད་པ་དེ་གཡོ་ཁྲམ་གྱི་འོས་བསྡུ་ཞིག་ཡིན་པ་བརྗོད་ཅི་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG