ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་པ་༢༥༡་བྱུང་ཡོད་པ།


༄༅།། ཕྱི་ཟླ་༥་པ་འདིར་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་བགོ་ཁྱབ་ཤུགས་ཆེར་འགྲོ་བཞིན་ཡོད་ཅིང་། ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ་དང་སྨན་ཁང་དུ་འཚོ་རླུང་གཏོང་དགོས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག ཕྱི་ཟླ་༥་ཚེས་༡༨་བར་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་དུ་ནད་པ་དྲག་སྐྱེད་བྱུང་བ་རྣམས་ཕུད་པའི་སྨན་བཅོས་བྱེད་བཞིན་པ་༢༥༡་འདུག སྦེལ་ཀོབ་བོད་མིའི་གཞིས་ཆགས་ལ་ཆ་མཚོན་ནའང་ཕྱི་ཟླ་༥་ཚེས་༡༧་བར་དུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༧༦་བྱུང་ཡོད་པར་མ་ཟད། སྦེལ་ཀོབ་ས་གནས་ཀྱི་རྒྱ་གར་བའི་གྲོང་གསེབ་ཁག་ཏུའང་སྔོན་དང་མ་འདྲ་བར་ནད་པ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པས་ས་གནས་རྒྱ་གར་བའི་གྲོང་གསེབ་ཀྱི་འགོ་ཁྲིད་ཚོ་དང་ས་གནས་གཞིས་འགོ་རྣམས་གྲོས་མོལ་བྱས་ཏེ་སང་ཉིན་ཕྱི་ཚེས་༡༩་ནས་དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་སྨན་རིགས་ཚོང་ཁང་རྣམས་མ་གཏོགས་ཚོང་ཁང་གཞན་རྣམས་སྒོ་འབྱེད་མི་ཆོག་པ་དང་མི་རྣམས་ཕར་ཚུར་འགྲུལ་བཞུད་གཏན་ནས་བྱེད་མི་ཆོག་པའི་བཀག་རྒྱ་དམ་པོ་བསྡམ་རྒྱུ་བྱས་ཡོད་ཅེས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།།

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕྱི་ཚེས་༡༨་བར་དུ་ནད་པ་༩༦་བྱུང་ཡོད་པ་དང་ཟླ་བ་འདིར་ནད་པ་གསུམ་འདས་གྲོངས་སུ་གྱུར་སོང་ཞེས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་། ཁོང་གིས་ནད་ཡམས་ཀྱིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཁུལ་དུ་འགྲོ་འོང་བྱེད་མི་ཆོག་པའི་དམ་དྲག་སླར་ཡང་བདུན་ཕྲག་གཅིག་ཕར་འགྱངས་བྱ་དགོས་བྱུང་སོང་ཞེས་བཀྲལ། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཛ་དྲག་གི་ནད་པ་གཉིས་བྱུང་སྟེ་གཅིག་དྲག་སྐྱེད་བྱུང་བ་དང་གཅིག་བྷེང་ལོར་གྲོང་ཁྱེར་གྱི་གཞུང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་འདུག གཟའ་མིག་དམར་བར་དུ་གཞིས་ཆགས་དེར་ནད་པ་ཁྱོམ་བསྡོམས་༤༠་ཐམ་པ་བྱུང་སོང་ཞེས་ཀོ་ལི་གྷལ་དོན་ལྡན་གླིང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་མིག་དམར་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཟའ་མིག་དམར་བར་དུ་ནད་པ་༣༩་བྱུང་ཡོད་ཅིང་། ད་དུང་འཚོ་རླུང་གཏོང་དགོས་པའི་ཛ་དྲག་གི་ནད་པ་ལྔ་བྱུང་འདུག་པའི་གྲས་ཀྱི་གཅིག་ལ་མེ་སོར་གྲོང་ཁྱེར་གྱི་རྒྱ་གར་གཞུང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ནད་པ་༤་ལ་ཧུན་སུར་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅེས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གཡུ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG