ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

ཨ་དབྱིན་ཨོ་གསུམ་གྱི་དམག་དོན་ཚོཊ་ཁོངས་སུ་ཉི་ཧོང་འཇུག་རྒྱུའི་བསམ་ཞིབ།


ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་
ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་

༄༅།། ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་བཙུགས་ཡོད་པ་དེར་ཉི་ཧོང་ཟུང་འབྲེལ་བྱེད་དུ་འཇུག་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱ་ནག་གི་སྟོབས་ཤུགས་ཁྱབ་ཀྱི་ཡོད་པས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཀྱི་སྟོབས་ཤུགས་ཀྱང་ཆེ་རུ་གཏོང་དགོས་ངེས་སུ་གྱུར། ཁ་སང་གཟའ་ཟླ་བའི་ཉིན་དབྱིན་ཇིའི་གཞུང་གིས་ལོ་འདིར་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ལ་ཉི་ཧོང་ཟུང་འབྲེལ་བྱེད་དུ་འཇུག་དགོས་མིན་གྲོས་སྡུར་བྱ་འཆར་ཡོད་ཅེས་བསྒྲགས། སང་ཉིན་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོར་ཉི་ཧོང་གི་སྲིད་བློན་ཀི་སི་དྷར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པས་ཉི་ཧོང་དང་ཨ་དབྱིན་ཨོ་གསུམ་གྱི་མཐུན་ཚོགས་དེའི་འབྲེལ་བ་ཟབ་ཏུ་ཇི་ལྟར་གཏོང་དགོས་མིན། ཉི་ཧོང་གི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་ཕྱོགས་ལ་གྲོས་སྡུར་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ཐོག་མར་༢༠༢༡་ལོར་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་བཙུགས། སྐབས་དེར་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཨོ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་རྡུལ་ཕྲན་ནུས་ཤུགས་ལྡན་པའི་མཚོ་འོག་དམག་གྲུ་བཟོ་རྒྱུ་ཡིན། མཚོ་འོག་དམག་གྲུ་དེའི་ཕྱི་སྒྲོམ་དབྱིན་ཇིས་བཟོ་རྒྱུ་དང་ནང་གི་འཕྲུལ་ཆས་རྣམས་ཨ་མི་རི་ཀས་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཉི་ཧོང་མཐུན་ཚོགས་དེའི་ཁོངས་སུ་ཞུགས་པའམ། ཡང་ན་མཐུན་ཚོགས་དེར་ཟུང་འབྲེལ་བྱ་རྒྱུའི་སྐད་ཆ་ཚིག་གཅིག་མེད་མོད། ད་ལྟ་ཨ་དབྱིན་ཨོ་གསུམ་གྱི་གཞུང་འབྲེལ་མི་སྣ་ཚོས་ཉི་ཧོང་གི་ཚན་རིག་ལག་རྩལ་དང་དཔལ་འབྱོར་སོགས་གང་ལ་བལྟས་ཀྱང་ཨ་དབྱིན་ཨོ་གསུམ་གྱི་མཐུན་ཚོགས་དེར་ཟུང་འབྲེལ་བྱེད་དུ་བཅུག་ན་དགེ་མཚན་ཆེ་བའི་བསམ་ཞིབ་བྱེད་ཀྱི་ཡོད། ང་ཚོས་འཕྲུལ་རིག་དང་བཟོ་ལས་ཡར་ཐོན། གསང་བའི་གནས་ཚུལ་དང་གཞི་གྲངས་སྲུང་སྐྱོབ། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་བསྐྲུན་པར་ལེགས་སྐྱེས་འབུལ་ཐུབ་པའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་མ་བྱ་རྒྱུ་འོས་ཤིང་འཚམས་པ་ཞིག་རེད་ཅེས་བཀྲལ།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་

ཕྱི་ཟླ་༤་པའི་ཚེས་༨་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་ནས་རྒྱལ་ཁབ་ཁག་ཅིག་གིས་ས་གནས་ཀྱི་བདེ་འཇགས་ལ་བསམ་བློ་མ་བཏང་བར་དཔུང་སྒྲིག་ཕྱོགས་འཐེན་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཉི་ཧོང་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་འདས་པའི་ལོ་རྒྱུས་ལ་མནོ་བསམ་བཏང་སྟེ་དམག་དོན་དང་བདེ་འཇགས་མཉམ་འབྲེལ་གྱི་མཐུན་ཚོགས་ཁག་ལ་མ་ཞུགས་ན་ལེགས། ཨ་དབྱིན་ཨོ་གསུམ་གྱིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ་གྱི་རྒྱལ་སྤྱིའི་ཆིངས་ཡིག་ལ་བརྩི་མེད་དང་རྒྱལ་ཁབ་ཁག་ཅིག་ལོགས་སུ་བསྡུས། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་མཚོན་ཆའི་འགྲན་སྡུར་གསར་པ་ཞིག་སློང་གི་ཡོད་པར་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད། ཨ་དབྱིན་ཨོ་གསུམ་གྱིས་རང་གི་དམག་དོན་མཐུན་ཚོགས་དེ་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་རེད། ཨོ་གླིང་ལ་རྡུལ་ཕྲན་གྱི་མཚོ་འོག་དམག་གྲུ་སྤྲད་ནས་རྐང་འཛིན་དང་པོ་ཚུགས། ད་ལྟ་ཨ་མི་རི་ཀས་རྒྱལ་ཁབ་མང་ཙམ་མཐུན་ཚོགས་དེའི་ཁོངས་སུ་བསྡུས་ནས་རྐང་འཛིན་གཉིས་པ་འཛུགས་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༩་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་རྐང་འཛིན་དང་པོའི་ཁོངས་སུ་ཚུད་དཀའ་ཞིང་། ཅིའི་ཕྱིར་ཞེ་ན་ཨ་མི་རི་ཀས་རང་གི་མཐུན་གྲོགས་བློ་ཁེལ་ས་དབྱིན་ཇི་དང་ཨོ་གླིང་གཉིས་ལ་མ་གཏོགས་དམག་དོན་འཕྲུལ་རིག་ལག་རྩལ་མཁོ་སྤྲོད་བྱེད་ཀྱི་མེད་པ་རེད། ཉི་ཧོང་ལ་ཨ་མི་རི་ཀའི་དམག་དོན་དང་མཚོན་ཆ་བཟོ་སྐྲུན་གྱི་འཕྲུལ་རིག་ལག་རྩལ་མཁོ་སྤྲོད་བྱེད་མི་སྲིད། ༢༠༣༢་ནས་ཨོ་གླིང་གི་མཚོ་དམག་ལ་འགྲེམ་སྤེལ་བྱ་རྒྱུའི་མཚོ་འོག་དམག་གྲུ་དེ་རྣམས་བཟོ་སྐྲུན་བྱེད་ཀྱི་ཡོད་པར་འགོག་རྐྱེན་ཁག་ཅིག་འཕྲད་ཀྱི་འདུག་ཅེས་བསྟན། ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་སྲིད་བློན་ཀི་ཤི་དྷ་ཉིན་གསུམ་རིང་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཀྱི་ཡོད། སྲིད་འཛིན་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་སྐབས་སུ་ཉི་ཧོང་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་ཚུད་དགོས་པའི་ནན་སྐུལ་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ཨོ་གླིང་གི་སྲིད་བློན་ཨལ་བྷེ་ནེ་སིས་
ཨོ་གླིང་གི་སྲིད་བློན་ཨལ་བྷེ་ནེ་སིས་

ཉམས་ཞིབ་པ་ཚོས་རྒྱ་ནག་གི་བཙན་དྲག་ཇེ་ཆེ་དང་འཛམ་གླིང་འདིར་ཞི་བདེ་བརྟན་ལྷིང་མེད་པ། ཨེ་ཤི་ཡར་དམག་འཁྲུག་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་སོགས་ཀྱིས་ཉི་ཧོང་ཨ་མི་རི་ཀས་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས་ཁག་ལ་ཞུགས་འདོད་ཆེན་པོ་འདུག སྔོན་ལ་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྐང་འཛིན་གཉིས་པའི་གྲས་སུ་ཉི་ཧོང་བཅུག དེ་ནས་ཁེ་ན་ཌ་དང་ནེའུ་ཛི་ལན་ཌི་བཅས་མིག་ལྔའི་རྒྱལ་ཁབ་ཁག་གམ། ཡང་ན་ཨ་རི་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་། ནེའུ་ཛི་ལན་ཌི་ལྔའི་གསང་བའི་ལས་ཁུངས་མཉམ་འབྲེལ་བྱས་ཏེ་མིག་ལྔ་ཞེས་འབོད་ཀྱི་ཡོད་པའི་རྒྱལ་ཁབ་ཁག་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྐང་འཛིན་གཉིས་པའི་གྲས་སུ་འཇུག་འཆར་འདུག་ཅེས་གླེང་། ཨོ་གླིང་གི་སྲིད་བློན་ཨལ་བྷེ་ནེ་སིས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་རྒྱ་བསྐྱེད་ཀྱང་རྐང་འཛིན་གཉིས་པའི་རྒྱལ་ཁབ་ཁག་ཚོགས་འཐུས་ངོ་མ་མིན་ཞེས་འགྲེལ་བཤད་བརྒྱབ།།

ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཡོ་ཤི་མ་ས་ཧ་ཡ་ཤཱིས་
ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཡོ་ཤི་མ་ས་ཧ་ཡ་ཤཱིས་

གཟའ་མིག་དམར་ཉིན་སྲིད་བློན་ཨལ་བྷེ་ནེ་སིས་རྒྱལ་ས་ཁན་བྷ་རར་གསར་འགོད་ལྷན་ཚོགས་བསྐོངས་ནས་ང་ཚོས་རྐང་འཛིན་གཉིས་པ་འཛུགས་དགོས་པའི་གྲོས་གཞི་བཏོན་པ་ཡིན། དེ་ནི་ཚོགས་འཐུས་རྒྱལ་ཁབ་མང་དུ་གཏོང་རྒྱུའི་སྐད་ཆ་མིན། ང་ཚོའི་ལས་འཆར་ཁག་ལ་བལྟས་ན་ཉི་ཧོང་མཉམ་འབྲེལ་བྱ་ཐུབ་ས་ཇི་སྙེད་ཅིག་འདུག དེས་ན་ཉི་ཧོང་རང་བཞིན་གྱིས་འོས་ཆོས་ཚང་བའི་རྒྱལ་ཁབ་ཅིག་རེད་ཅེས་གསལ་བཀྲོལ་བྱས་པར་མ་ཟད། ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཡོ་ཤི་མ་ས་ཧ་ཡ་ཤཱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་གར་ནས་ཞི་བདེའི་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་སྐྲུན་གྱི་ཡོད་པར་ཉི་ཧོང་གིས་རྒྱབ་སྐྱོར་བྱས་པ་ཡིན། ང་ཚོས་ད་དུང་ཡང་རྒྱབ་སྐྱོར་མུ་མཐུད་དུ་བྱ་འཆར་ཡོད་ཅེས་བཤད། གསར་འགོད་པ་ཚོས་ཉི་ཧོང་དམག་དོན་མཐུན་ཚོགས་དེའི་ཁོངས་སུ་ཞུགས་ན་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་མིན་ནམ་ཞེས་དྲིས། དྲི་བ་དེར་ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེས་ལན་བཏབ་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཨོ་གླིང་གི་མེཀ་ཀོ་རི་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་རི་ཡོ་སུ་ཀེ་ཧ་ན་དྷས་ཉི་ཧོང་ནི་མཚོན་ཆ་དང་དམག་དོན་ཡོ་བྱད། དེང་སྐབས་ཀྱི་ཡོ་ཆས་རྣམས་བཟོ་བར་འཕྲུལ་རིག་ལག་རྩལ་ལྡན་པ་དང་བཟོ་ལས་ཡར་ཐོན་གྱི་རྒྱལ་ཁབ་ཅིག་རེད། གལ་སྲིད་ཉི་ཧོང་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་ཞུགས་ན་སྒྲིག་འཛུགས་དེའི་སྟོབས་ཤུགས་ལྡབ་འགྱུར་གྱིས་འཕེལ་ཐུབ། འཕུར་མདེལ་བཟོ་སྐྲུན་དང་མཁའ་དབྱིངས་སྲུང་སྐྱོབ། མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་སྲུང་སྐྱོབ་སོགས་ལ་ཉི་ཧོང་གིས་ནུས་པ་ཆེན་པོ་འདོན་ཐུབ་ཤས་ཆེ་ཞེས་སྨྲས། ཉམས་ཞིབ་པ་ཁག་ཅིག་གིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རེད། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ལ་དམག་དོན་དང་ཚོང་ལས། དཔལ་འབྱོར་དང་འཕྲུག་རིག་ལག་རྩལ་གྱི་འབྲེལ་བ་དམ་ཟབ་ཡོད་པས་རིམ་བཞིན་ལྷོ་ཀོ་རི་ཡ་ཡང་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་དེའི་རྐང་འཛིན་གཉིས་པའི་གྲས་སུ་འཇུག་སྲིད་ཅེས་ཚོད་དཔག་བྱས་འདུག

ཉི་ཧོང་མཚོ་དམག
ཉི་ཧོང་མཚོ་དམག

ཕྱི་ཟླ་༤་པའི་ཚེས་༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་བ་རྒྱ་ཆ་༩༠་ལྷག་གིས་ཨེ་ཤི་ཡའི་མངའ་ཁུལ་དུ་དམག་འཁྲུག་ལང་རྒྱུའི་ཉེན་ཁ་འདུག ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་འབྱུང་ས་གཙོ་བོ་དེ་རྒྱ་ནག་ཡིན་པའི་ལྟ་ཚུལ་བཟུང་། ད་ལོའི་ཕྱི་ཟླ་༢་པ་དང་༣་གཉིས་ལ་ཉི་ཧོང་གི་ཡོ་མིའུ་རི་ཚགས་པར་ཁང་གིས་མི་དམངས་ལ་བསམ་ཚུལ་དྲིས། ཉི་ཧོང་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༩༢་ཀྱིས་རྒྱ་ནག་གིས་ཧོང་ལ་དམག་རྒྱག་རྒྱུའི་ཉེན་ཁ་འདུག་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༨་ཀྱིས་བྱང་ཀོ་རི་ཡ་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་རེད་ཅེས་ལན་བཏབ། ཉི་ཧོང་གི་ཡཱ་མ་ན་ཤི་གྷ་ཀོན་སློབ་གྲྭ་ཆེན་མོའི་དགེ་རྒན་སུ་མེ་ཁ་ཝ་ཀ་མཱིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཉི་ཧོང་བ་ཚོ་ཧང་སང་པ་རེད། ཉི་ཧོང་བ་ཚོས་རྒྱ་ནག་ལ་དོགས་ཟོན་བྱས་ནས་བློ་འཚབ་བྱ་རྒྱུ་ཆོས་ཉིད་ཡིན་རུང་མི་གྲངས་བརྒྱ་ཆ་༩༢་ཀྱིས་རྒྱ་ནག་ཉེན་ཁ་ཞིག་ཏུ་རྩི་བཞིན་པ་ནི་ཧ་ཅང་གི་གྲངས་ཀ་མང་པོ་རེད་བཤད་འདུག

གླེང་སྟེགས།

XS
SM
MD
LG