ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཁྲེན་ཆོན་གོ་ཚུད་པའི་རྒྱ་ནག་གི་ལས་སྣེ་གསུམ་ལ་ཉེས་ཆད་བཅད། 


བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་སྟེ།   ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ།

༄༅།། ཨ་མི་རི་ཀས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བའི་ལས་དོན་ཁག་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་པ་དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་སྟེ། ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཚུད་འདུག ཁྲེན་ཆོན་གོ་ཡིས་བོད་རང་སྐྱོང་ལྗོངས་སུ་ལག་ལེན་བསྟར་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་རྣམས་ཞིན་ཅང་ལ་ལག་ལེན་བསྟར་ཏེ་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཙོན་ལ་བཅུག ཁྲེན་གྱི་མཉམ་དུ་ཨ་རིའི་གཞུང་གིས་ཞིན་ཅང་གི་སྲིད་ཁྲིམས་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲུའུ་ཧེ་ལུན། ཞིན་ཅང་གི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་མཱིང་ཧྲན་བཅས་ཡོད་པས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་གནས་འཁོད་ཡུ་གུར་བ་ཚོས་ཨ་རིའི་གཞུང་གི་ཐག་གཅོད་དེར་དགའ་བསུ་ཆེན་པོ་ཞུས། སྲིད་འཛིན་ཌོ་ནལ་ཊམ་གྱི་ཐག་གཅོད་འདིས་ཉེ་ལམ་ཞིག་ནས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པ་འདིར་སླར་ཡང་འགལ་རྐྱེན་གསར་པ་ཞིག་བསྣན་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་།།

ཨ་རིའི་གཞུང་གིས་མིང་འདོན་བྱས་ནས་ཉེས་ཆད་གཅོད་ཡུལ་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ། ཁྲེན་ཆོན་གོ་སོགས་ལ་ཨ་རིའི་ས་ཐོག་ཏུ་རང་བདག་གི་ས་ཁང་དང་མཁར་དངོས། ཚོང་ལས་ཀྱི་མ་རྩ་བཙུགས་ཡོད་པའམ། ཡང་ན་ཁོ་ཚོས་མ་རྩ་བཙུགས་ནས་ཚོང་སྐལ་བརྒྱ་ཆ་༥༠་ཐམ་པ་དང་དེ་ལས་མང་བ་ཡོད་པ་རྣམས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་འགོག་ཉར་བྱ་དགོས། ཨ་མི་རི་ཀས་རང་གི་དཔལ་འབྱོར་དང་ཚོང་ལས། ནོར་སྲིད་བཅས་ཀྱི་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པ་དང་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་ཨ་རིའི་ནོར་སྲིད་དྲུང་ཆེས་གསར་འགོད་ལྷན་ཚོགས་ཐོག་ཏུ་བསྒྲགས། ཨ་རིའི་ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨོ་ལི་ཝྭི་ཡ་ཨི་ནོ་སི་ཞེས་པའི་ཉམས་ཞིབ་པ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་བྱས་པ་འདི་གནད་འགག་ཆེན་པོ་རེད། སྔོན་ཆད་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་ཚོར་ཉེས་ཆད་གཅོད་ཀྱི་ཡོད་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་ལས་སྣེ་ཚོར་ཉེས་ཆད་བཅད་མྱོང་མེད། ཁྲེན་ཆོན་གོ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་མཁན་གཏེ་དཔོན་དེ་ཡིན་པས་རང་གི་བྱས་ཉེས་ཀྱི་མཇུག་འབྲས་མྱོང་དགོས། ཁོ་པས་བོད་རང་སྐྱོང་ལྗོངས་དང་ཞིན་ཅང་གཉིས་སུ་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་རྣམས་ལག་ལེན་བསྟར་པའི་བྱས་རྗེས་ཡོད་ཅེས་བཤད།།

ཐོག་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་འཐོན་པའི་ཆེད་དུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུ་ཕྱིར་འགྱངས་བྱས་ཤིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ད་དུང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་སྣང་གང་དྲན་གྱིས་འཛིན་བཟུང་དང་ངལ་རྩོལ་བཙན་བཀོལ། མི་ས་ཡ་མང་པོ་བཀག་ཉར་དང་ཡུ་གུར་བའི་མི་འབོར་འཕེལ་རྒྱས་བཙན་འགོག ཡུ་གུར་བའི་ཆོས་དད་རང་དབང་དང་རིག་གཞུང་རྩ་མེད་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་ཨ་མི་རི་ཀས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་སྡོད་ཐབས་བྲལ། ཁྲེན་ཆོན་གོ་དང་ཀྲུའུ་ཧེ་ལུན། ཝང་མཱིང་ཧྲན་གསུམ་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་བཅས་པ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པའི་གསལ་བསྒྲགས་སྤེལ། གོང་འཁོད་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གསུམ་པོ་ཨ་མི་རི་ཀར་ཡོང་དགོས་ཐུག་སྲིད་པའི་ངེས་པ་མེད་ཀྱང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་ལ་ཡོང་དགོས་ཐུག་སྲིད། དཔེར་ན་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོའི་བཟའ་ཟླ་རྣམས་ཨ་མི་རི་ཀ་སོགས་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མ་ཐུབ་ན་མི་གྲལ་དུ་ཚུད་མེད་པ་ལྟ་བུའི་སྤྱི་ཚོགས་ཀྱི་ལྟ་སྟངས་འཛིན་གྱི་ཡོད་པར་མ་ཟད། རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོར་རང་གི་བུ་ཕྲུག་རྣམས་ཨ་མི་རི་ཀའི་སློབ་ཆེན་ཁག་ལ་སློབ་གྲྭར་གཏོང་འདོད་ཆེན་པོ་ཡོད་པ་སྟེ། སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་རང་གི་བུ་མོ་འཛམ་གླིང་འདིར་སྐད་གྲགས་ཆེ་བའི་ཨ་རིའི་ཧར་ཝྭར་ཌི་སློབ་གྲྭ་ཆེན་མོར་བཏང་ཡོད་པ་རེད།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་ཁག་ཏུ་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཙོན་ར་ཁག་ཏུ་སྡེབ་ཚོགས་ཀྱིས་བཀག་ཉར་བྱས་ནས་རྡུག་རྡེག་དང་མནར་གཅོད། ཁོ་ཚོར་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པ། ཡུ་གུར་བ་སོགས་ངལ་རྩོལ་བཙན་བཀོལ་བྱས་ནས་ནད་མནར་བྱུང་ན་སྨན་བཅོས་བྱེད་ཀྱི་མེད་པ། བུད་མེད་ཚོར་བཀག་ཉར་ཁང་དུ་སྐྱེས་སྒོ་རྩ་གཅོད་དང་བཙན་གཡེམ། ཡུ་གུར་བ་ཚོས་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པ། རྒྱ་མི་རིགས་བཅས་ཀྱི་བཀའ་དྲིན་བསམ་ཤེས་དགོས་པ། སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་གཞུང་དྲང་བློ་དཀར་བྱ་དགོས་པ། ཞིན་ཅང་གི་ཡུ་གུར་བ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱ་དགོས་ཞེས་བསམ་བློའི་སློབ་གསོ་བཏང་སྟེ་ཁ་ཆེ་གྲངས་ཉུང་མི་རིགས་དེས་རང་གི་ཆོས་ལུགས་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པ་རྒྱབ་ཏུ་བསྐྱུར་ནས་རྒྱ་ཡིག་རྒྱ་སྐད་སློབ་དགོས་པ་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱ་དགོས་པའི་གནས་ཚུལ་བཀོད། རྒྱ་ནག་གི་བཀག་ཉར་ཁང་དེ་དག་གི་ནང་དུ་སྐྱེ་བོ་མང་དག་ཅིག་གིས་མནར་གཅོད་དང་རྡུང་རྡེག་མ་བཟོད་པར་མི་ལ་འཆི་སྐྱོན་བྱུང་བ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་དང་ཕ་ཡུལ་དུ་ལུས་པའི་ཕ་མ་སྤུན་མཆེད་དང་གཉེན་ཚན་སོགས་ལ་འབྲེལ་བ་གཅོད་དུ་འཇུག་གི་ཡོད་པར་བརྟེན། ཨ་རིའི་ཕྱི་སྲིད་དྲུང་ཆེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་ཚབས་ཆེན་ཞིག་ཞིན་ཅང་ལ་འབྱུང་གི་འདུག་ཅེས་བཤད།།

དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཨ་མི་རི་ཀའི་ཉེས་ཆད་གསར་པ་བཅད་པ་དེར་རྒྱ་ནག་གིས་ལན་སློག་སྲིད་ཇུས་ཤིག་ལག་ལེན་བསྟར་ངེས་ཡིན། ཨ་རིའི་གཞུང་གི་ཐག་གཅོད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་ཞིག་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་འགལ་འཛོལ་བྱས་པ་ཞིག་རེད། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་རྐྱེན་ཆེན་པོ་ཞིག་ཡིན་པ་དང་ང་ཚོས་ཨ་རིའི་ཉེས་ཆད་དེ་ཚོར་ངོ་རྒོལ་བྱས་ནས་དགག་པ་རྒྱག་རྒྱུ་ཡིན་ཞེས་བཤད། ཉེ་དུས་ཤིག་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་དམ་དྲག་དང་རྒྱ་ནག་གི་དྲྭ་རྐུན་ལ་འཐབ་རྒོལ། རྒྱ་ནག་གི་གསོ་སྤྱད་ཁང་དང་ཞིབ་འཇུག་ཁང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ལ་ཚོང་ལས་བཀག་སྡོམ། པེ་ཅིང་གི་དབང་འཛིན་པ་ཚོས་འཛམ་གླིང་གི་སྒྲིག་སྲོལ་ཁག་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་ཀྱིས་རྒྱ་ནག་ལ་ཕྱོགས་མང་པོ་ཞིག་ནས་འཐབ་རྒོལ་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་ལ་འགྲོ་འོང་འདྲ་མཉམ་གྱི་བོད་དོན་སྲིད་ཇུས་དེའི་དགོངས་དོན་ལྟར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བཅས་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཀྱི་སྲིད་ཇུས་དེར་འོས་ཤོག་འཕངས་ནས་གྲོས་ཆོད་བཞག ཟླ་བ་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཆོད་དེར་མཚན་རྟགས་བཀོད་ནས་དངོས་སུ་ཨ་མི་རི་ཀའི་ཁྲིམས་ལ་གྱུར། ཨ་རིའི་གྲོས་ཚོགས་སུ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་སྐྱོར་ཁྲིམས་གཞི་དེར་གྲོས་སྡུར་བྱས་པའི་སྐབས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིས་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་དམིགས་སུ་བཀར་ནས་ཀླ་ཀློའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་གཉའ་གནོན་མྱོང་བཞིན་པའི་ཞིན་ཅང་གི་ཡུ་གུར་བ་རྣམས་བརྗེད་མེད་ཅེས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་གཏོང་གི་ཡོད། ཞིས་ཅིན་ཕིང་གིས་ཡུ་གུར་བ་ཚོར་ཁྱེད་ཚོ་བརྗེད་ཟིན་པ་རེད། སུ་གཅིག་གིས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་བཤད་ཀྱི་ཡོད་ཤས་ཆེ། ཡིན་ནའང་ཨ་མི་རི་ཀས་ཞིན་ཅང་གི་ཡུ་གུར་བ་རྣམས་བརྗེད་ཀྱི་མེད་ཅེས་གཏམ་བཤད་བྱས་འདུག ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཐང་ཚོགས་པའི་འགན་འཛིན་ཨོ་མར་ཧ་ན་ཐེས་མཐའ་མཇུག་ཡུ་གུར་བ་ཚོར་གཉའ་གནོན་བྱས་ན་མཇུག་འབྲས་ཤིག་འབྱུང་རྒྱུ་ཡོད་པ་མགོ་བརྩམས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་མོ་ནས་རྒྱ་ནག་གཞུང་ལ་ཉེས་ཆད་གཅོད་དགོས། ཡིན་ནའང་ད་ལྟ་སྲིད་གཞུང་གཅིག་གིས་འགོ་བཙུགས་པ་དང་རྒྱལ་ཁབ་གཞན་ཁག་གིས་ཀྱང་དེ་ལ་མིག་དཔེ་བལྟས་ནས་རྒྱ་ནག་གི་ལས་སྣེ་ཚོར་ཁྲིམས་གཅོད་བྱེད་པའི་རེ་བ་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་འཕྱི་ཐག་མ་ཆོད་བར་དུ་སྒུག་རྒྱུ་ཡིན་ནམ་ཞེས་བཤད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡུ་རོབ་མཉམ་འབྲེལ་དང་རྒྱལ་ཁབ་གཞན་ཚོས་ཀྱང་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་ཞེས་འབོད་སྐུལ་ཞུ་བཞིན་འདུག

XS
SM
MD
LG