ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱ་ནག་གི་ལས་སྣེ་ཚོར་ཐོངས་མཆན་བཀག་སྡོམ། 


ཨ་རིའི་ཕྱི་སྲིད་དྲུང་ཆེ།

༄༅།། ཕྱི་ཟླ་༧་པའི་ཚེས་༧་གྱི་ཕྱི་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་ལ་འགྲོ་འོང་འདྲ་མཉམ་གྱི་བོད་དོན་སྲིད་ཇུས་དེའི་དགོངས་དོན་ལྟར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བཅས་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

ཨ་མི་རི་ཀས་རང་གི་སྤྱི་དམངས་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲང་སྙོམས་དང་མངོན་ལྐོག་མེད་པ། འགྲོ་འོང་འདྲ་མཉམ་གྱི་ཐོབ་ཐང་ཞིག་སྤྲོད་དགོས་ཞེས་རེ་སྐུལ་ཞུས་པ་ཡིན། ང་ཚོས་དམིགས་ཡུལ་འདི་འགྲུབ་པར་ལས་ཐབས་རིམ་པ་འགའ་ཞིག་ལག་ལེན་བསྟར་ཡོད། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་དང་སྤྱི་དམངས་གཞན་རྣམས་ཨ་མི་རི་ཀར་ཡོང་ཆོག་གི་ཡོད་ཀྱང་པེ་ཅིང་སྲིད་གཞུང་གིས་མུ་མཐུད་དུ་ཨ་རིའི་ཕྱི་འབྲེལ་མི་སྣ་ཁག་དང་གཞུང་འབྲེལ་མི་སྣ་ཁག གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ས་ཁག་ལ་འགྲོ་སྐྱོད་བྱེད་དུ་འཇུག་གི་མི་འདུག

དེར་བརྟེན་དེ་རིང་ངས་ཕྱི་ལོ་༢༠༡༨་ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་ལ་འགྲོ་འོང་འདྲ་མཉམ་གྱི་བོད་དོན་སྲིད་ཇུས་ཀྱི་དགོངས་དོན་ལྟར་ཕྱི་རྒྱལ་བ་རྣམས་བོད་ས་ཁག་ལ་འགྲོ་སྐྱོད་ཆོག་མིན་གྱི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བཅས་ལ་འབྲེལ་བ་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་དགོས་པའི་གསལ་བསྒྲགས་སྤེལ་གྱི་ཡོད། རྒྱ་ནག་གཞུང་གིས་བོད་ས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པར་མ་ཟད། པེ་ཅིང་གཞུང་གིས་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་མགོ་ཁུངས་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པ་འགོག་ཐབས་སུ་བོད་ས་ཁག་ལ་འགྲོ་སྐྱོད་བྱེད་ཐུབ་རྒྱུ་ནི་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་གལ་གནད་ཆེན་པོ་ཡིན། ཨ་མི་རི་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་བོད་པའི་ཡུལ་སྡེ་ཁག་དང་ཕྱི་ལོགས་སུ་ཡོད་པའི་བོད་པའི་ཚོགས་སྡེ་ཁག་ལ་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ། བོད་པ་ཚོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཕན་ཐོགས་ཡོད་པ་ཞིག་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ང་ཚོས་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དང་བོད་པ་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཕྲོག་ཐབས་མེད་པ་ཞིག་ཡོད་པར་བརྩི་འཇོག་བྱ་རྒྱུ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་གཅེས་འཛིན་བྱ་དགོས་པའི་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ཡོད་པར་འགྱུར་བ་མེད། ང་ཚོས་བོད་ལ་འགྲོ་འོང་འདྲ་མཉམ་གྱི་གོ་སྐབས་དོན་སྙིང་ལྡན་པ་ཞིག་འཐོབ་ཐབས་སུ་ཨ་རིའི་གྲོས་ཚོགས་ལ་མཉམ་འབྲེལ་དམ་ཟབ་བྱས་ནས་ཨ་མི་རི་ཀའི་སྤྱི་དམངས་རྣམས་བོད་རང་སྐྱོང་ལྗོངས་ཚུད་པའི་བོད་ས་ཁག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་ཁག་ལ་འགྲོ་སྐྱོད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།།

XS
SM
MD
LG