༄༅།། སྲིད་འཛིན་ཇཱོ་བྷ་ཌན་གྱིས་གཟའ་ཟླ་བའི་ཕྱི་དྲོར་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཨ་མི་རི་ཀས་སྨན་ཁབ་ས་ཡ་༢༠་ཐམ་པ་འཐོལ་པ་ཕྱིའི་རྒྱལ་ཁབ་ཁག་ལ་གཏོང་རྒྱུ་ཡིན། སྨན་ཁབ་དེ་དག་གི་གྲས་སུ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་དང་མོ་ཌེར་ན། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་བཅས་སྨན་སྦྱོར་བཟོ་ཚོང་ཁང་གསུམ་གྱིས་བཟོས་པའི་སྨན་ཁབ་རྣམས་ཡོད། དེའི་སྔོན་དུ་ཨ་མི་རི་ཀས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ས་ཡ་༦༠་ཐམ་པ་ཁེ་ན་ཌ་དང་མེཀ་སི་ཀོ རྒྱ་གར་སོགས་དཀའ་ངལ་ཆེ་བའི་རྒྱལ་ཁབ་ཁག་ལ་གཏོང་རྒྱུའི་ཐག་གཅོད་བྱས་པ་ཡིན། དེང་སྐབས་ཨ་མི་རི་ཀ་བ་ནར་སོན་པ་བརྒྱ་ཆ་༦༠་ལྷག་ལ་ཉུང་མཐར་ཡང་འགོག་ཁབ་སྨན་ཐུན་གཅིག་རེ་བརྒྱབ་ཟིན། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འདང་ངེས་མེད་པའི་དཀའ་ངལ་གཏན་ནས་མེད། དེར་བརྟེན་འཛམ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པར་ཨ་མི་རི་ཀས་སྨན་ཁབ་བགོ་འགྲེམ་བྱས་ནས་འཐབ་རྒོལ་བྱ་དགོས། འདི་ནི་དུས་ཚོད་འོས་འཚམས་ཤིག་ཡིན་པ་ལྟར་ཨ་མི་རི་ཀས་བསྒྲུབ་འོས་པ་དང་ཤུགས་ཆེན་པོས་བསྒྲུབ་དགོས་པ་ཞིག་ཀྱང་རེད། ཕྱི་ཟླ་༦་པའི་ཟླ་མཇུག་ཡས་མས་སུ་ཨ་མི་རི་ཀས་ཕྱིའི་རྒྱལ་ཁབ་ཁག་ལ་སྨན་ཁབ་ས་ཡ་༨་ཡས་མས་ཤིག་བགོ་འགྲེམ་བྱེད་ཐུབ་པའི་འཆར་འགོད་བྱེད་ཀྱི་ཡོད། ཨ་མི་རི་ཀའི་མི་དམངས་ལ་སྨན་ཁབ་འདང་ངེས་ཤིག་གསོག་འཇོག་བྱས་ཡོད། ཨ་མི་རི་ཀ་འཛམ་གླིང་གི་སྨན་ཁབ་ཀྱི་བང་མཛོད་ལྟ་བུ་ཞིག་ལ་འགྱུར་དགོས་ཞེས་ནན་བརྗོད་བྱས་འདུག
ཨ་མི་རི་ཀས་ཁྱོན་བསྡོམས་སྨན་ཁབ་ས་ཡ་༨༠་ཐམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་གཏོང་འཆར་ཡོད་པ་དེའི་ཁོངས་སུ་དབྱིན་ཇིའི་ཨེ་སི་ཊ་ར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ས་ཡ་༦༠་དང་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་། མོ་ཌེར་ན་དང་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་བཅས་ཀྱིས་བཟོས་པའི་སྨན་ཁབ་རྣམས་འདུས། སྲིད་འཛིན་བྷ་ཌན་གྱིས་ཕྱི་ཟླ་༧་པའི་ཚེས་༤་སྟེ། ཨ་མི་རི་ཀའི་རང་བཙན་དུས་ཆེན་གྱི་མཚམས་སུ་ཉུང་མཐར་ཡང་ཨ་མི་རི་ཀ་བ་ནར་སོན་པ་བརྒྱ་ཆ་༧༠་ཐམ་པར་འགོག་ཁབ་སྨན་ཐུན་དང་པོ་བརྒྱབ་ཚར་རྒྱུའི་དམིགས་ཚད་བཟུང་ཡོད། ད་དུང་ཡང་སྨན་ཁབ་བརྒྱབ་མེད་པ་དང་སྨན་ཁབ་ལ་དོགས་པ་ཡོད་པའི་ཨ་མི་རི་ཀ་བ་ཚོས་རང་གཞན་གཉིས་ཀྱི་བདེ་ཐང་ལ་བསམ་བློ་བཏང་ནས་སྨན་ཁབ་རྒྱག་དགོས། སྨན་ཁབ་མ་བརྒྱབ་པར་ཨ་མི་རི་ཀ་ནམ་ཡང་ཚབས་ཆེའི་འགོས་ནད་དེའི་འོག་ནས་ཐར་ཐབས་མེད། ཏོག་དབྱིབས་ནད་དུག་ལ་མི་རིགས་ཀྱི་ཁྱད་པར་དང་དབུལ་ཕྱུག་གི་ཁྱད་པར་མེད་ཅེས་ནན་བརྗོད་བྱས་ཤིང་། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་འདིར་ཆ་རྐྱེན་ཅི་ཡང་མེད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་སྨན་ཁབ་རོགས་སྐྱོར་སྤྲད་ནས་རང་གི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་གི་ཡོད་ཀྱང་ཨ་མི་རི་ཀར་དེ་འདྲའི་ཀུན་སློང་མེད་པར་མ་ཟད། ཨ་མི་རི་ཀས་སྨན་ཁབ་བཀོལ་སྤྱོད་བྱས་ནས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ནས་རང་གི་ཁེ་ཕན་སྒྲུབ་ཐབས་བྱེད་ཀྱི་མེད། ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྨན་ཁབ་འགོ་འགྲེམ་ལས་གཞི་བརྒྱུད་ནས་སྨན་ཁབ་རྣམས་བགོ་འགྲེམ་ཆ་མཉམ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། ཟླ་བ་རྗེས་མར་དབྱིན་ཡུལ་དུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ཚོགས་འདུའི་ཐོག་ཏུ་མཉམ་འབྲེལ་གྱི་འབད་བརྩོན་ལ་གྲུབ་འབྲས་ཅི་ཙམ་འཐོན་གྱི་ཡོད་པ་གསལ་བསྒྲགས་བྱ་འཆར་ཡོད་ཅེས་བཤད།།
ཁ་སང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་ཡོངས་ལ་ཁྱབ་ཀྱི་ཡོད་པའི་ནད་ཡམས་འདི་འགོག་མ་ཐུབ་ན་ཨ་མི་རི་ཀར་ནམ་ཡང་བདེ་འཇགས་ཐོབ་མི་སྲིད། ས་མཚམས་དང་མཐའ་ཡས་རྒྱ་མཚོ་བཅས་ཀྱིས་ཀྱང་ནད་ཡམས་འདི་འགོག་མི་ཐུབ། དེས་ན་འཛམ་གླིང་ཡོངས་ལ་སྨན་ཁབ་བགོ་འགྲེམ་བྱས་ནས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱ་རྒྱུ་ཐབས་མཁས་ཤིག་རེད། ཕྱི་ཟླ་༦་པའི་ཟླ་མཇུག་བར་དུ་ཨ་མི་རི་ཀས་སྨན་ཁབ་ས་ཡ་༨༠་ཐམ་པ་རྒྱལ་ཁབ་གཞན་ལ་བགོ་འགྲེམ་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་གཞན་པ་སུས་ཀྱང་བགོ་འགྲེམ་བྱས་མྱོང་མེད་པའི་གྲངས་འབོར་ཞིག་རེད། རྒྱ་ནག་དང་ཨུ་རུ་སུ་གཉིས་ལས་ཀྱང་ཨ་མི་རི་ཀས་སྨན་ཁབ་ཞལ་འདེབས་མང་བ་སྤྲོད་ཀྱི་ཡོད། ཁོ་ཚོས་སྨན་ཁབ་ས་ཡ་༡༥་ལས་ཞལ་འདེབས་སྤྲད་མེད་པ་རེད་ཅེས་བཤད། ཐོག་མར་ཨ་མི་རི་ཀས་སྨན་ཁབ་འཐོལ་པ་ཉར་འཇོག་བྱེད་ཡོད་པ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་གཏོང་མ་ཕོད། དེའི་རྒྱུ་མཚན་ནི་ཨ་མི་རི་ཀས་མངགས་ཉོ་བྱས་པའི་སྨན་ཁབ་རྣམས་དུས་ཐོག་ཏུ་འབྱོར་མ་ཐུབ་པའམ། ཡང་ན་ཨ་མི་རི་ཀར་ཛ་དྲག་གི་ཆེད་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕོན་ཆེན་ཞིག་གློ་བུར་དུ་དགོས་མཁོ་བྱུང་ན་སྨན་ཁབ་འཐོལ་པ་རྣམས་ཨ་མི་རི་ཀའི་མི་དམངས་ལ་རྒྱག་དགོས་པའི་གྲ་སྒྲིག་བྱས་འདུག ཡིན་ནའང་ད་ལྟ་ཨ་མི་རི་ཀ་བ་ཚང་མར་འགོག་ཁབ་འདང་ངེས་ཡོད་པའི་རྐྱེན་གྱིས་སྨན་ཁབ་ལྷག་མ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་གཏོང་འགོ་ཚུགས། ཨ་མི་རི་ཀས་ཛ་དྲག་གི་ཆེད་དུ་སྨན་ཁབ་ས་ཡ་མང་པོ་ཕུགས་གསོག་བྱས་པར་རྒྱ་གར་དང་མེཀ་སི་ཀོ་སོགས་འབྲེལ་ཡོད་རྒྱལ་ཁབ་མང་དག་ཅིག་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།།
ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འཇོམས་ཀྱི་ཡོད་པ་དང་ཨ་རིའི་རྒྱལ་ནང་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འགོག་ཐུབ་ཚེ། ཨ་མི་རི་ཀས་རང་གི་ཚན་རིག་ལག་རྩལ་དང་སྟོབས་འབྱོར་སོགས་བཀོལ་ནས་འཛམ་གླིང་ཡོངས་སུ་ཁྱབ་ཀྱི་ཡོད་པའི་ནད་ཡམས་འདིར་དམིགས་པ་གཏད་ནས་འགོག་རྒོལ་བྱེད་ཐུབ། འདས་པའི་ལོ་གཅིག་ལྷག་ལ་ཨ་མི་རི་ཀར་འཛམ་གླིང་རྒྱལ་ཁབ་གཅིག་ལའང་ཁྱབ་མྱོང་མེད་པའི་ནད་ཡམས་ཁྱབ་གདལ་ཚབས་ཆེན་ཞིག་བྱུང་བས་ཨ་མི་རི་ཀས་འཛམ་གླིང་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་མ་ཐུབ་པ་རེད། གལ་སྲིད་ཨ་རིའི་རྒྱལ་ནང་ལ་དཀའ་ངལ་ཚབས་ཆེན་དེ་འདྲ་ཞིག་ཕྲད་མེད་ན་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་འདི་འདྲ་ཞིག་འཕྲད་མི་སྲིད་ཅེས་གནས་ཚུལ་སྤེལ་འདུག ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་རིའི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་སྨན་ཁབ་བགོ་འགྲེམ་བྱ་རྒྱུ་འགོ་ཚུགས། ཟླ་བ་རྗེས་མའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ཚོགས་འདུའི་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀ་གཙོས་འབྱོར་ལྡན་རྒྱལ་ཁབ་ཁག་དང་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་འཛམ་གླིང་མི་དམངས་ལ་སྨན་ཁབ་འདང་ངེས་ཤིག་བཟོ་སྦྱོར་བྱ་དགོས་པའི་སྐུལ་ལྕག་གཏོང་འཆར་ཡོད་པ་རེད།།
ཕོ་བྲང་དཀར་པོའི་ཏོག་དབྱིབས་ནད་དུག་བགོ་འགྲེམ་འབྲེལ་མཐུད་པ་ཇཱེ་ཧྥུ་ཛེན་ཊི་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གྷེ་ཡེལ་སི་མཱི་ཐེ་གཉིས་ཀྱི་བཀོད་འདོམས་ལྟར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་སོགས་ཀྱིས་སྨན་ཁབ་རྣམས་འཛམ་གླིང་ཡོངས་ལ་བགོ་འགྲེམ་བྱ་རྒྱུ། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་ལྟར་ན། ཉེ་དུས་ཤིག་ནས་ཨ་རིའི་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༠༠༠༠་ཡས་མས་དང་ཉི་མ་རེར་མི་༦༠༠་ཡས་མས་རེ་ལ་མ་གཏོགས་འཆི་སྐྱོན་འབྱུང་གི་མེད་ཅིང་། འདི་ནི་ན་ནིང་ཕྱི་ཟླ་༦་ནས་བཟུང་སྟེ་ཨ་མི་རི་ཀར་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཆེས་ཉུང་ཤོས་སུ་གྱུར། ཨ་མི་རི་ཀས་ཆ་མཉམ་ཉིན་ལྟར་སྨན་ཁབ་༡༩༠༠༠༠༠་རེ་རྒྱག་གི་ཡོད་པས་ཨ་རིའི་མི་འབོར་བརྒྱ་ཆ་༤༨་ཙམ་ལ་འགོག་ཁབ་སྨན་ཐུན་གཅིག་རེ་བརྒྱབ། ད་ནས་ཨ་མི་རི་ཀས་ན་ལོ་༡༢་ནས་ལོ་ན་༡༨་བར་གྱི་ལོ་ཆུང་ཚོར་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཏེ་ལོ་འདིའི་ཕྱི་ཟླ་༩་པ་ནས་ཨ་མི་རི་ཀའི་སློབ་ཕྲུག་རྣམས་འཛིན་གྲྭའི་ནང་དུ་མཉམ་ཚོགས་བྱ་རྒྱུ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལས་ཁུངས་ཀྱིས་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ་ཟིན་པའི་མི་ཚོས་ཕྱི་ནང་གཉིས་ཀར་ཁ་རས་གྱོན་མི་དགོས་ཞེས་བསྒྲགས། ཡིན་ནའང་ད་ལྟའི་བར་དུ་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༣༣་ལྷག་བྱུང་བ་དང་མི་༥༨༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་རེད།།