ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

 ཨ་རིའི་ཉེས་ཆད་ཀྱིས་ཀོང་ཀྲུག་གི་ཚོང་འདུས་ལ་ལམ་ལྷོངས་མ་བྱུང་། 


༄༅།། གཟའ་འཁོར་འདིར་ཀོང་ཀྲུག་གི་ཚོང་འདུས་ཚུགས་ཀྱང་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པའི་སྟབས་ཀྱིས་ཡུ་རོབ་དང་ཨ་རི་སོགས་ནས་རྒྱ་ནག་གི་དངོས་ཟོག་ཉོ་མཁན་མ་བྱུང་། ཕྱི་ཟླ་༤་པའི་ཚེས་༡༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཀོང་ཀྲུག་གི་ཚོང་འདུས་ནི་རྒྱ་ནག་གི་གློག་ཆས་དང་དེང་རབས་ཀྱི་ཅ་ལག་གསར་པ་རྣམས་སྟོན་སའི་ཚོང་འདུས་ཆེ་ཤོས་དེ་ཡིན་ཞིང་། ཨ་རིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་འཛམ་གླིང་ཡུལ་གྲུ་གང་སར་ཡུལ་ཐང་འཕར། ལྷག་པར་དུ་ཨ་མི་རི་ཀའི་དབུས་དངུལ་ཁང་གིས་སྐྱེད་ཀ་སྤར་ཡོད་པ་བཅས་ཀྱིས་ཀོང་ཀྲུག་གི་ཚོང་འདུས་ལ་ཞུགས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཇི་སྙེད་ཅིག་ལ་གྱོང་གུད་ཕོག རྒྱ་ནག་གི་ཕྱིར་ཚོང་བཟོ་ཚོང་ལས་ཁུངས་ཁག་ཅིག་གིས་ང་ཚོས་ཁྲོམ་སའི་ཁང་མིག་དེར་ཁང་གླ་ཧ་ཅང་ཆེན་པོ་སྤྲད་པ་ཡིན། ཡུ་རོབ་ནས་ཅ་ལག་ཉོ་མཁན་ཉུང་ཤས་ཤིག་མ་གཏོགས་ཨ་རི་ནས་ཧ་ལམ་ཅ་ལག་མངགས་ཉོ་བྱེད་མཁན་མེད་པ་འདྲ་པོ་རེད་ཅེས་སྡུག་སྐད་བརྒྱབ།།

ད་ལོའི་ཀོང་ཀྲུག་གི་ཚོང་འདུས་སྐབས་སུ་ཅ་ལག་ཉོ་མཁན་མང་ཆེ་བ་ནི་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཨ་ཧྥི་རི་ཀ ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཨུ་རུ་སུ་བཅས་ཡིན་འདུག རྒྱལ་ཁབ་དེ་དག་ལ་ཨ་རི་དང་ཡུ་རོབ་ལྟར་རྒྱ་ནག་གི་ཅ་ལག་ཕོན་ཆེན་ཉོ་ཐུབ་པའི་དཔལ་འབྱོར་གྱི་སྟོབས་ཤུགས་དབེན། ཉམས་ཞིབ་པ་ཚོས་ཀོང་ཀྲུག་གི་ཚོང་འདུས་སྐབས་སུ་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁུངས་ཉུང་ཤས་ཀྱིས་རྒྱ་ནག་གི་ཅ་ལག་མངགས་ཉོ་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། ད་ལྟ་རྒྱ་ནག་སྔར་བཞིན་འཛམ་གླིང་གི་དངོས་ཟོག་བཟོ་སྐྲུན་བྱ་ཡུལ་དེ་མིན་པ་དང་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁུངས་ཁག་གིས་ཝི་ཏེ་ནམ་དང་རྒྱ་གར། ཨིན་རྡུ་ནེ་ཤི་ཡ་དང་མེག་སི་ཀོ་སོགས་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པ་ར་འཕྲོད། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་ཀྱི་ཡོད་པས་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁུངས་ཁག་གིས་རང་ལ་གྱོང་གུད་འཕོག་སྲིད་པར་དོགས་ནས་ཚོང་ལས་ལ་འགྱུར་བ་བཏང་བ་ལོས་ཡིན། ད་དུང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་སྤོར་རྒྱུ་ཇེ་མང་དུ་ཕྱིན་འདུག་ཅེས་དཔྱད་བརྗོད་སྤེལ།།

ཕྱི་ཟླ་༤་པའི་ཚེས་༡༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཀོང་ཀྲུག་གི་ཚོང་འདུས་ནི་ཏོག་དབྱིབས་ནད་ཡམས་རྗེས་སུ་ཚུགས་པའི་ཚོང་འདུས་ཐེངས་དང་པོ་ཡིན་ཞིང་། ཐེ་ཀྲུ་ཧང་ཅེ་གློག་སྒྲོན་བཟོ་ཚོང་ཁང་གི་ཚོང་དོན་སྐུ་ཚབ་ཀེ་རི་སི་ལིན་གྱིས་སྔ་ལོ་དང་བསྟུར་ན་ལོ་འདིར་ང་ཚོའི་བཟོ་ཚོང་ཁང་ནས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་གློག་སྒྲོན་མངགས་ཉོ་བྱེད་མཁན་བརྒྱ་ཆ་༣༠་ཉུང་བ་འདུག ན་ནིང་ང་ཚོར་གློག་སྒྲོན་བཟོ་སྐྲུན་དང་མཐུན་རྐྱེན་གྱི་དཀའ་ངལ་ཕྲད་ཀྱང་ས་གནས་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཐོབ། ད་ལོ་ང་ཚོར་ཕྱི་ལོགས་ནས་གློག་སྒྲོན་ཉོ་མཁན་མི་འདུག དཀའ་ངལ་འདི་ང་ཚོས་སེལ་ཐུབ་པ་ཞིག་མ་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གློག་རིན་འཕར་ཏེ་གློག་སྒྲོན་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཡོད་པས་ང་ཚོར་ཚོང་ལས་ཀྱི་གྱོང་གུད་ཆེན་པོ་འཕོག་གི་འདུག ང་ཚོས་ཚོང་ལས་རྒྱ་སྐྱེད་གཏོང་ཐུབ་རྒྱུ་ནི་ཁག་པོ་རེད་ཅེས་བཀྲལ།།

ཀེ་རི་སི་ལིན་གྱིས་ང་ཚོའི་བཟོ་ཚོང་ཁང་གིས་གློག་སྒྲོན་གྱི་རིན་གོང་བཅག་ནས་བཙོང་གི་མིན། ཡིན་ནའང་ང་ཚོས་གྲོན་ཆུང་བྱེད་པར་གློག་སྒྲོན་མངགས་ཉོ་བྱས་པ་རྣམས་བཏང་ཚར་བའི་རྗེས་སུ་བཟོ་པ་ཚོར་ལས་ཀ་མེད་པར་གཏོང་དགོས་ཀྱི་རེད། ང་ཚོའི་གླ་པ་ཚོར་ཕྱི་ཟླ་༩་པ་དང་༡༠་པ་ནས་ལས་ཀ་མེད། ད་ལོ་གླ་པ་ཚོར་དེའི་སྔོན་ནས་ལས་ཀ་མེད་པར་གཏོང་དགོས་ཀྱི་རེད་ཅེས་བཤད། ལི་མ་ཏུན་གློག་ཆས་བཟོ་ཚོང་ཁང་གི་ཚོང་འགྲེམ་འགན་འཛིན་ཧྭང་ཆིན་ཆིན་ཞེས་པ་ཞིག་གིས་ཅ་ལག་མངགས་ཉོ་བྱེད་མཁན་མི་འདུག ང་ཚོའི་བཟོ་པ་ཉུང་དུ་གཏོང་དགོས་ས་རེད། ང་ཚོའི་བཟོ་པ་རྣམས་ལས་ཀ་ཡོད་དུས་མ་གཏོགས་འབོད་ཀྱི་མེད། སྔོན་ཆད་གཟའ་མཇུག་གི་དུས་སུ་ལས་ཀར་ཡོང་དགོས་ཀྱང་དེང་སྐབས་བཟོ་པ་ཚོ་གཟའ་མཇུག་གི་དུས་སུ་ལས་ཀར་ཡོང་མི་དགོས་ཞེས་དཀའ་ངལ་རྣམས་བགྲངས། ནིང་པོ་གཞར་ཆས་བཟོ་ཚོང་ཁང་གིས་བཟོ་པ་ཁག་ཅིག་ལ་ལས་ཀ་མེད་པར་བཏང་ཟིན། ང་ཚོས་དངོས་ཟོག་གི་རིན་གོང་བཅག་ནས་བཙོང་དགོས་ཀྱང་བཙོང་འཆར་ཅེས་བཤད།།

སྔ་ལོ་རྒྱ་ནག་གཞུང་གིས་ལས་ཀ་གསར་པ་ས་ཡ་༡༡་བཀོད་སྒྲིག་བྱ་རྒྱུའི་དམིགས་ཚད་བཟུང་། ༢༠༢༣་ལོར་རྒྱ་ནག་གཞུང་གིས་ལས་ཀ་གསར་པ་ས་ཡ་༡༢་བཀོད་སྒྲིག་བྱ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པ་དང་སློབ་ཆེན་ཁག་ནས་ཐོན་པའི་ན་གཞོན་ཤེས་ཡོན་ཅན་ཚོར་ལས་ཀ་རག་གི་མེད་པ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་བ་བཟང་པོ་མེད་པ་བཅས་ཀྱིས་དཀའ་ངལ་དེ་བདེ་བླག་ཏུ་སེལ་མི་ཐུབ། རྒྱ་ནག་གི་སྲེག་ཐབ་བཟོ་ཚོང་ཁང་ཞིག་གི་ཚོང་དོན་སྐུ་ཚབ་ལུ་ན་ཧུག་གིས་ང་ཚོས་མ་རྩ་བཙུགས་ནས་ཚོང་ལས་རྒྱ་བསྐྱེད་འཆར་མེད། སྲེག་ཐབ་དེ་ཚོར་རིན་གོང་བརྒྱ་ཆ་༥་བཅག་ནས་འཚོང་གི་ཡོད་ཟེར། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་བཅུ་གྲངས་ཤིག་གི་སྐུ་ཚབ་ཚོས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ཚོང་ལས་ཡག་པོ་མི་འདུག ང་ཚོས་ཅ་ལག་གི་སྤུས་ཚད་ཡག་ཏུ་གཏོང་བར་འགྲོ་གྲོན་གཏོང་རྒྱུ་མིན། ལོ་འདིར་ཚོང་ལས་ཡག་པོ་ཡོང་རྒྱུའི་རྩིས་རྒྱག་གི་མེད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༡༩༥༧་ནས་རྒྱ་ནག་གཞུང་གིས་ལོ་ལྟར་ཀོང་ཀྲུག་གི་ཚོང་འདུས་བཙུགས། ཀོང་ཀྲུག་གི་ཚོང་འདུས་དེར་ཡོངས་གྲགས་སུ་རྒྱ་ནག་གི་ཕྱིར་ཚོང་དང་ནང་འདྲེན་ཚོང་འདུས་ཞེས་མིང་བཏགས། ལོ་འདིའི་དཔྱིད་ཀྱི་ཚོང་འདུས་ནི་ཕྱི་ཟླ་༤་པའི་ཚེས་༡༥་ནས་ཕྱི་ཟླ་༥་པའི་ཚེས་༥་བར་དུ་ཚུགས་ཀྱི་ཡོད་ཅིང་། ས་ཁྱོན་མཱི་ཊར་གྲུ་བཞི་མ་༡.༥་ཐོག་ཏུ་ཁྲོམ་བསྟན། ༢༠༡༩་ལོར་ཏོག་དབྱིབས་ནད་དུག་མ་ཁྱབ་གོང་དུ་ས་ཁྱོན་མཱི་ཊར་གྲུ་བཞི་མ་ས་ཡ་༡.༡༩་ཐོག་ཏུ་ཁྲོམ་བཤམས་ཡོད་པར་མ་ཟད། ༢༠༢༠་ནས་༢༠༢༢་བར་དུ་ལོ་གསུམ་གྱི་ཚོང་འདུས་རྣམས་དྲྭ་ལམ་དུ་ཚུགས། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་མང་ཆེ་བས་༢༠༢༣་གྱི་ཚོང་འདུས་འདིར་རེ་བ་ཆེན་པོ་ཞིག་བརྒྱབ་ཀྱང་བློ་ཕམ་གྱི་གནས་སུ་གྱུར། ལེ་ཐུ་གློག་ཆས་བཟོ་ཚོང་ཁང་གི་སྤྱི་གཉེར་ལི་མིང་དབྱང་གིས་ང་ཚོའི་ཅ་ལག་བརྒྱ་ཆ་༨༥་ལྷག་ཨ་རི་ནས་མངགས་ཉོ་བྱེད་ཀྱི་ཡོད། ད་ལྟ་ཨ་རིའི་ཚོང་ཤག་ཚོས་ཝི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ། ཐེ་ལན་ཌི་དང་མེག་སི་ཀོ་ནས་གློག་ཆས་ནང་འདྲེན་བྱེད་ཀྱི་འདུག་ཅེས་སྨྲས།།

ཀོང་ཀྲུག་གི་ཚོང་འདུས་བཀོད་སྒྲིག་པ་ཚོས་མི་ཚོགས་ཆེན་པོ་བསྡུ་ཐུབ་པའི་ཁོར་ཡུག་བསྐྲུན་ཡོད། ཡིན་ནའང་ལོ་འདིའི་ཚོང་འདུས་ཀྱི་ཉིན་དང་པོར་མི་འབུམ་༣་དང་ཁྲི་༧་བསླེབས་བྱུང་། ཁོ་ཚོའི་གྲས་ཀྱི་མི་༦༧༠༠༠་ནི་ཕྱི་རྒྱལ་བ་རེད། མི་འབུམ་༤་དང་ཁྲི་ཚོ་༡་དྲྭ་ལམ་ནས་ཚོང་འདུས་དེར་ཞུགས་སོང་ཞེས་བསྒྲགས། ཀྲེ་ཅང་གི་དཔྱད་བརྗོད་པ་ཝུ་ཞའོ་པོ་ཞེས་པ་ཞིག་གིས་མི་ཚོགས་འགུགས་ཐབས་སུ་ཚོང་འདུས་བཀོད་སྒྲིག་པ་ཚོས་འཛུལ་བྱང་གི་རིན་གོང་བཅག་སྟེ་བཙོངས་ཀྱང་མི་ཚོགས་བསྡུ་མ་ཐུབ། ཕྱི་རྒྱལ་གྱི་ཅ་ལག་ཉོ་མཁན་ཁག་ཅིག་ལ་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པ་དང་གནམ་གྲུའི་འགྲིམ་འགྲུལ་གྱི་འགྲོ་གྲོན་ཆེ་བ་སོགས་ཀྱི་ཡོང་མ་ཐུབ་པར་སྣང་། ༢༠༡༩་ལོའི་སྟོན་ཁའི་ཚོང་འདུས་དེར་ཉིན་དང་པོ་གཉིས་ལ་ཚོང་པ་ཆུང་གྲས་ཤིག་གིས་ཀྱང་ཅ་ལག་བཙོང་ས་མི་༢༠་ཡས་མས་རེ་རྙེད། ད་ལོའི་ཚོང་འདུས་ཀྱི་ཉིན་དང་པོ་གཉིས་ལ་ཚོང་པ་ཆུང་གྲས་ཤིག་གིས་ཅ་ལག་བཙོང་ས་མི་༣་ནས་༦་ཡས་མས་རེ་ལས་རྙེད་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ཁ་སྔོན་ཕྱི་ཟླ་༢་པའི་ནང་དུ་ཨ་རིའི་ཚོང་དོན་ལྷན་ཁང་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ལྔས་ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་ཅ་ལག་རྣམས་ཨུ་རུ་སུའི་དམག་ལ་བཙོངས་འདུག་ཅེས་ཉེས་ཆད་བཅད། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་ཨ་མི་རི་ཀས་སླར་ཡང་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་༡༢་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ། ༢༠༢༣་ལོའི་དུས་ཚིགས་དང་པོར་རྒྱ་ནག་གིས་ཡུ་རོབ་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༧.༡་ཉམས། ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༧་ཉུང་དུ་སོང་། དེས་ན་ཀོང་ཀྲུག་གི་ཚོང་འདུས་སོགས་གང་ལ་བལྟས་ཀྱང་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པ་ཤིན་ཏུ་གསལ། ཟླ་བ་སྔོན་མར་རྒྱ་ནག་གི་འགག་སྒོའི་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ལུ་ཏ་ལེང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་མེད་པའི་དཀའ་ངལ་མུ་མཐུད་དུ་འཕྲད་ཤས་ཆེ། ཡིན་ནའང་རྒྱ་ནག་གིས་གློག་ཤུགས་རླངས་འཁོར་བཙོངས་ནས་ཚོང་ལས་ཡར་རྒྱས་གཏོང་ཐུབ། རྒྱ་ནག་གི་གློག་ཤུགས་རླངས་འཁོར་གྱི་མེ་རྫས་རྣམས་འཛམ་གླིང་གི་གློག་ཤུགས་རླངས་འཁོར་གྱི་མེ་རྫས་ཡག་ཤོས་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༡༩་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་གྱིས་ཡུ་རོབ་མཉམ་འབྲེལ་ཨ་མི་རི་ཀའི་རྗེས་སུ་ཞར་མཆོང་བརྒྱབ་ནས་འབྲང་དགོས་དོན་མེད་ཅེས་བཤད་ཀྱང་དོན་དངོས་སུ་ཨ་རི་དང་ཡུ་རོབ་གཉིས་ལངས་ཕྱོགས་གཅིག་གྱུར་རེད། ཡུ་རོབ་ཀྱིས་ཨ་རི་ལྟར་ཁ་ནས་སྐད་ཆ་བཙན་པོ་མ་བཤད་པར་ལག་ལེན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་བཟུང་། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་རྒྱུ་ཡིན་ཟེར་གྱི་ཡོད་པ་དང་ཡུ་རོབ་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་གྱི་ཉེན་ཁ་ཡོད་པ་ཆུང་དུ་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་པ་གཉིས་ནང་དོན་གཅིག་པ་རེད། སྐབས་འགར་ཡུ་རོབ་ཀྱིས་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་རྒྱ་ནག་ལ་ཨ་རི་ལས་ཀྱང་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་འདུག རྒྱ་ནག་གིས་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བར་འགལ་ཟླ་བསླངས་ནས་རང་གི་ས་ཁམས་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་ཐབས་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཐོན་དཀའ། རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་བཀོལ་བ་དང་ཨུ་རུ་སུར་རྒྱབ་སྐྱོར་བྱས་ནས་ཡུ་རོབ་དང་ཨ་རིའི་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་སོང་ཞེས་གནས་ཚུལ་སྤེལ་འདུག

XS
SM
MD
LG