ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

རྒྱ་ནག་གི་ན་གཞོན་འབུམ་༣་གྲོང་གསེབ་ཁག་ཏུ་གཏོང་རྒྱུ།


༄༅།། རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཀོང་ཏུང་ཞིང་ཆེན་གཞུང་གིས་ན་གཞོན་ཚོར་ལས་རག་གི་མེད་པའི་དཀའ་ངལ་སེལ་ཐབས་སུ་༢༠༢༥་ཡི་ལོ་མཇུག་བར་དུ་ན་གཞོན་ཤེས་ཡོན་ཅན་འབུམ་༣་གྲོང་གསེབ་ཁག་ཏུ་གཏོང་རྒྱུའི་ཐག་བཅད། ཕྱི་ཟླ་༤་པའི་ཚེས་༡༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལོའི་ཕྱི་ཟླ་༣་པའི་ནང་དུ་ལོ་ན་༡༦་ནས་༢༤་བར་དུ་སོན་པའི་ན་གཞོན་ལས་མེད་ཀྱི་གྲངས་འབོར་བརྒྱ་ཆ་༡༩.༦་ལ་འཕར། ཉམས་ཞིབ་པ་ཚོས་རྒྱ་ནག་གི་བཟོ་གྲྭ་ཁག་སྒོ་རྒྱག་དགོས་ཐུག་གི་ཡོད་པ་དང་མི་མང་གིས་དངུལ་སྒོར་འགྲོ་གྲོན་མི་གཏོང་བ། རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་ཁྱབ། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སྒོ་རྒྱ་བསྡམས་པའི་མཇུག་འབྲས་སུ་ཚོང་ལས་ཆུང་ཁག་རྣམས་མ་རྩ་བརྡབས་ཏེ་མི་མང་ལས་མེད་ཚོར་ལས་ཀ་གསར་པ་རག་གི་མེད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་འདུ་ཞིག་གི་ཐོག་ཏུ་སྲིད་བློན་གསར་པ་ལི་ཆང་གིས་ན་གཞོན་བྱིངས་དང་སློབ་ཆེན་ཐོན་པའི་ན་གཞོན་ཚོར་ལས་ཀ་བརྟན་པོ་ཞིག་བཀོད་སྒྲིག་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོས་བཟོ་ལས་དང་ཕྱིར་ཚོང་གི་ལས་རིགས་ཁག་ཡར་རྒྱས་བཏང་སྟེ་མི་མང་ལ་ལས་ཀ་གསར་པ་བསྐྲུན་དགོས། སློབ་ཆེན་གྱི་སློབ་ཚན་ཁག་དང་ལག་ཤེས་ཀྱི་སྤུས་ཚད་ཡག་ཏུ་ཐོངས། ཁྲོམ་རེའི་དགོས་མཁོར་གཞིགས་ནས་ན་གཞོན་ཚོར་སྦྱོང་བརྡར་སྤྲོད་དགོས། རྒྱ་ནག་གི་ཚོང་ལས་སྲ་བརྟན་དང་ཁྲོམ་ར་རྣམས་མདུན་ལམ་ཡོད་པ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་བརྗོད་བྱས་ཤིང་། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ཡོངས་གཞི་གྲངས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧྥུ་ལིང་ཧུས་དཔལ་འབྱོར་འཕེལ་རྒྱས་འགྲོ་རིམ་བཞིན་དུ་ལས་ཀའི་ས་མིག་མང་དུ་ཐོན་ཐུབ། ཡིན་ནའང་ལས་ཀའི་དགོས་མཁོ་ལྟར་ལས་མི་ཚོར་ཤེས་ཚད་ཡོད་མེད་བརྗོད་ཁག་པོ་འདུག་ཅེས་བསྟན།།

རྒྱ་ནག་གི་རྒྱལ་ཡོངས་གཞི་གྲངས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧྥུ་ལིང་ཧུས་མུ་མཐུད་དུ་བཤད་པ་ལྟར་ན། ང་ཚོས་ན་གཞོན་ཚོར་ལས་ཀ་འཚོལ་རོགས་བྱ་རྒྱུ་དང་ནང་སྒོས་སུ་སློབ་ཆེན་ཐོན་པའི་ན་གཞོན་ཚོར་རོགས་སྐྱོར་བྱ་འཆར་ཡོད། རྒྱ་ནག་གི་བཟོ་ལས་ཡར་རྒྱས་བཏང་སྟེ་ལས་ཀའི་གོ་སྐབས་མང་དུ་གཏོང་དགོས། མི་མང་ལ་ལས་ཀ་བཀོད་སྒྲིག་གི་ཚད་གཞི་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད། འདས་པའི་ཟླ་བ་གཉིས་ཡས་མས་ཤིག་ལ་མི་རྣམས་ལོ་སར་གྱི་གུང་སེང་དུ་བསྡད། ཕྱི་ཟླ་༣་པའི་ནང་དུ་ལས་ཀ་འཚོལ་མཁན་གྱི་མི་གྲངས་མང་དུ་སོང་། ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་ལས་ཀའི་ཁྲོམ་ར་སླར་གསོ་བྱེད་ཐུབ་ཀྱི་མེད་པས་ན་གཞོན་ལས་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་རེད་ཅེས་བཀྲལ། ད་ནས་ཟླ་ཤས་རྗེས་སུ་རྒྱ་ནག་གི་སློབ་ཆེན་དང་མཐོ་སློབ་ཁག་ནས་ན་གཞོན་ས་ཡ་མང་པོ་སློབ་གྲྭ་ཐོན། སློབ་ཆེན་ཐོན་པའི་ན་གཞོན་དེ་རྣམས་ལས་ཀའི་ཁྲོམ་རའི་ནང་དུ་ལས་ཀ་འཚོལ་དུ་ཞུགས་རྒྱུ་ཡིན་པས་རྒྱ་ནག་གི་ན་གཞོན་ལས་མེད་ཀྱི་གྲངས་ཚད་སྔར་ལས་མང་དུ་འགྲོ་རྒྱུའི་གནས་ཚུལ་ཐོན།།

རྒྱ་ནག་གི་ལས་ཀ་བཀོད་སྒྲིག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མའོ་ཡུའི་ཧྥེས་གསར་འགོད་པར་བཤད་པ་ལྟར་ན། ཟླ་བ་སྔོན་མར་རྒྱ་ནག་རྒྱལ་ཡོངས་ཀྱི་མི་མང་ལས་ཤོར་བའི་གྲངས་འབོར་བརྒྱ་ཆ་༥.༣་ཡིན་པ་དང་ལོ་ན་༢༥་ནས་༥༩་བར་གྱི་མི་མང་ལས་ཤོར་བའི་གྲངས་འབོར་བརྒྱ་ཆ་༤.༣་ཟིན། སྔ་ལོ་ནད་ཡམས་དུས་སུ་སློབ་ཆེན་ཐོན་པའི་ན་གཞོན་ཚོར་ད་དུང་ཡང་ལས་ཀ་མ་རག ད་ལོ་རྒྱ་ནག་གི་ན་གཞོན་ས་ཡ་༡༡.༥༨་སློབ་གྲྭ་ཐོན་ནས་ལས་ཀ་འཚོལ་དུ་ཡོང་རྒྱུ་ཡིན་འདུག ལས་ཀ་ནི་བཟོ་ཚོང་ལས་ཁང་ཁག་ལ་དགོས་མཁོ་ཡོད་མེད་དེར་ཐུག དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་ལས་ཀའི་ས་མིག་ཐོན་པར་དུས་ཡུན་གང་འཚམ་ཞིག་འགོར་ཤས་ཆེ། བཟོ་ཚོང་ལས་ཁང་ཁག་ལ་ལས་མི་ཡོད་པ་ཚོས་ཁ་མ་ཐོན་པར་མ་གྱུར་བར་དུ་ལས་མི་གསར་པ་བསྡུ་དཀའ་ཞེས་བཤད། དེར་བརྟེན་རྒྱ་ནག་ཞིང་ཆེན་ཁག་ཅིག་གིས་ན་གཞོན་ལས་མེད་རྣམས་གྲོང་གསེབ་ཁག་ཏུ་བཏང་སྟེ་ཞིང་ལས་ཡར་རྒྱས་དང་གྲོང་གསེབ་ཁག་ཏུ་རང་ཁ་རང་གསོ་བྱེད་དུ་འཇུག་རྒྱུ། རྒྱ་ནག་གི་ལས་ཀའི་ཁོར་ཡུག་ཡག་ཏུ་ཕྱིན་ན་གཞོན་ནུ་དེ་ཚོ་གྲོང་ཁྱེར་ཁག་ཏུ་ཕྱིར་ལོག་བྱེད་ཆོག་ཅེས་སྲིད་ཇུས་གཏན་འབེབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༧་ཉིན་རྒྱ་ནག་གི་འགྱུར་ལྡོག་ཅེས་པའི་གསར་འགྱུར་དྲྭ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ནས་༢༠༢༢་ལོའི་ཕྱི་ཟླ་༡༢་བར་དུ་རྒྱ་ནག་གི་སློབ་ཆེན་ཁག་ནས་སློབ་ཕྲུག་ས་ཡ་༣༩.༨་ཐོན་ཏེ་ལས་ཀ་འཚོལ་དུ་བསླེབས། ༢༠༢༣་ལོའི་ཕྱི་ཟླ་༦་པའི་ནང་དུ་རྒྱ་ནག་གི་ན་གཞོན་ས་ཡ་༡༡.༥་སློབ་ཆེན་ཐོན་ནས་ལས་ཀ་འཚོལ་དུ་ཡོང་རྒྱུ། ཁོ་ཚོའི་གྲས་སུ་ལག་ཤེས་སློབ་གྲྭ་དང་མཐོ་འབྲིང་ཐོན་ཏེ་ལས་ཀ་འཚོལ་དུ་ཡོང་གི་ཡོད་པ་རྣམས་མ་ཚུད། རྒྱ་གཞུང་གིས་མི་མང་ལས་ཤོར་བའི་གཞི་གྲངས་བཏོན་པ་ནི་ཡིད་རྟོན་རུང་བ་ཞིག་མིན། རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་དེ་ཚབས་ཆེན་ཞིག་ཏུ་འགྱུར་གྱི་འདུག་ཅེས་གནས་ཚུལ་སྤེལ། འཛམ་གླིང་དངུལ་ཁང་གི་དཔལ་འབྱོར་ཞིབ་འཇུག་ཁོངས་སུ་རྒྱ་ནག་གི་ལས་ཀའི་ཁྲོམ་ར་རྒྱ་བསྐྱེད་མ་ཐུབ་ཚེ། ལོ་༡༦་ནས་༢༤་བར་གྱི་ན་གཞོན་ས་ཡ་མང་པོ་ལས་མེད་དུ་ལུས་རྒྱུ་ཉག་གཅིག་རེད། དེང་སྐབས་རྒྱ་ནག་གི་ན་གཞོན་ཚོར་སློབ་གྲྭ་ཐོན་པ་ནི་ལས་ཀ་ཐོན་པ་དང་གཅིག་མཚུངས་རེད་ཅེས་བཤད་སྲོལ་ཞིག་དར་ཡོད་པ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡོངས་སུ་ཁྱབ།།

༢༠༢༣་ལོའི་ཕྱི་ཟླ་༢་པའི་ཚེས་༢༠་ཉིན་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་གཞུང་གིས་ལོ་ལྟར་ན་གཞོན་ཤེས་ཡོན་ཅན་འབུམ་རེ་གྲོང་གསེབ་ཁག་ཏུ་གཏོང་རྒྱུ་དང་༢༠༢༥་ཡི་ལོ་མཇུག་བར་དུ་ན་གཞོན་ཤེས་ཡོན་ཅན་འབུམ་༣་གྲོང་གསེབ་ཁག་ཏུ་བཏང་ཚར་རྒྱུ། ཀོང་ཏུང་ཞིང་ཆེན་ལ་རྫོང་ཁག་༡༠༠་དང་གྲོལ་རྡལ་༡༠༠༠་ཐམ་པ། ཡུལ་ཚོ་༡༠༠༠༠་ཡོད་པ་དེ་དག་ལ་གྲོང་ཁྱེར་ཁག་ནས་སློབ་ཆེན་ཐོན་ཏེ་ལས་ཀ་རག་གི་མེད་པ་རྣམས་གཏོང་རྒྱུ། དེ་བཞིན་ཐོག་མར་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ཏུ་ཡོང་བ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་ཏེ་གྲོང་གསེབ་ཁག་ཏུ་གཞིས་ཆགས་བྱ་རྒྱུ། གྲོང་ཁྱེར་ཁག་ནས་བཏང་བའི་ན་གཞོན་ཤེས་ཡོན་ཅན་ཚོས་གྲོང་གསེབ་ཁག་གི་གུང་གཞོན་ཚོགས་པ་ཁག་གི་གོ་གནས་བཟུང་སྟེ་གྲོང་གསེབ་ཀྱི་མངའ་ཐང་དར་སྤེལ་གཏོང་རྒྱུ། གྲོང་གསེབ་ཀྱི་ན་གཞོན་ཚོ་གྲོང་ཁྱེར་ཁག་ནས་རང་ཡུལ་དུ་ཕྱིར་ལོག་བྱས་པ་དེ་དག་ལ་འབྲེལ་བ་མཐུད། ན་གཞོན་ཚོ་གྲོང་གསེབ་ཁག་ཏུ་གཞིས་ཆགས་ཐུབ་པའི་སྲིད་ཇུས་གཏན་འབེབས་བྱ་དགོས་པའི་ཐག་གཅོད་བྱས་འདུག

ཀོང་ཏུང་ཞིང་ཆེན་གཞུང་གི་འཆར་གཞིའི་ཁོངས་སུ་ན་གཞོན་ཚོས་དྲྭ་ལམ་དུ་ཚོང་ལས་གཉེར་རྒྱུ་དང་ཞིང་ལས་མཉམ་འབྲེལ་ཚུགས་རྒྱུ། ཞིང་ཆེན་གཞུང་གིས་ལོ་ལྟར་གྲོང་གསེབ་ཁག་ཏུ་ལས་གཞི་༣༠༠༠་རེ་གསར་འཛུགས་བྱ་རྒྱུ་དང་གྲོང་གསེབ་ཁག་ཏུ་ཕྱིར་ལོག་བྱས་པའི་ན་གཞོན་ཚོར་གཞུང་གིས་དངུལ་སྒོར་བུ་ལོན་བསྐྱིས། མའོ་ཙེ་ཏུང་གི་དུས་སུ་རྒྱ་ནག་གི་ན་གཞོན་ཤེས་ཡོན་ཅན་རྣམས་གྲོང་གསེབ་ཏུ་བཏང་བའི་སྲིད་ཇུས་དེ་བསྐྱར་གསོ་བྱེད་ཀྱི་ཡོད་པ་སྟེ། ༡༩༦༦་ནས་རྒྱ་ནག་ལ་རིག་གནས་གསར་བརྗེ་ལངས། རྒྱ་ནག་གི་དམར་སྲུང་དམག་གིས་ཐམས་ཅད་མ་རྩ་རིང་ལུགས་སུ་བརྩིས་ཏེ་གཏོར་བཤིག་ཐེབས། རྒྱ་གཞུང་གི་སྒྲོམ་གཞི་རྩ་གཏོར་བཏང་སྟེ་སློབ་གྲྭ་ཁག་སྒོ་བརྒྱབ། སློབ་ཕྲུག་གསར་པ་བསྡུ་རྒྱུ་མཚམས་བཞག་པ་དང་༡༩༦༧་ནས་དམར་སྲུང་དམག་གི་ནང་ཁུལ་དུ་འཐབ་འཁྲུག་བྱུང་། མའོ་ཙེ་ཏུང་གིས་༡༩༦༦་དང་༦༧། ༦༨་བཅས་སུ་ཐོན་པའི་སློབ་ཕྲུག་རྣམས་གྲོང་གསེབ་ཁག་ཏུ་གཏོང་རྒྱུའི་སྲིད་ཇུས་ལག་ལེན་བསྟར།།

རྒྱ་ནག་གི་དྲྭ་རྒྱ་དང་ཤེས་ཡོན་སློབ་གསོ། བཟོ་ལས་དང་སྲི་ཞུ། སྤྲོ་སྐྱིད་ཀྱི་ལས་རིགས་ཁག་ནི་ན་གཞོན་ཚོ་ལས་ཀ་འཚོལ་དུ་འགྲོ་ཡུལ་གཙོ་བོ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཔལ་འབྱོར་ཉམས། རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་ཝི་ཏེ་ནམ་དང་རྒྱ་གར་སོགས་ལ་སྤོས། རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་ཇེ་ཆེ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ན་གཞོན་ཚོས་རིག་གནས་གསར་བརྗེའི་དུས་སུ་ཟིང་འཁྲུག་བསླངས་པ་ལྟར་དུས་རབས་༢༡་པ་འདིར་ལས་ཀ་མ་རག་པར་དམར་ཤོག་སྲིད་གཞུང་དེར་ངོ་རྒོལ་བྱ་རྒྱུའི་ཉེན་ཁ་ཆེ། དེས་ན་ཞིས་ཅིན་ཕིང་གཙོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་ན་གཞོན་ཤེས་ཡོན་ཅན་ལས་མེད་རྣམས་གྲོང་ཁྱེར་ཁག་ཏུ་འཇོག་རྒྱུ་ནི་ཉེན་ཁ་ཞིག་ཏུ་བརྩིས། ཟླ་ཤས་གོང་དུ་རྒྱ་ནག་གི་ན་གཞོན་ཚོས་ནད་འགོག་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་བཟུང་། ཞིས་ཅིན་ཕིང་རྒྱ་ནག་གི་ན་གཞོན་ཚོར་སྐྲག་གི་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG