ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་བཅད་པ། 


ཧོང་ཀོང་གི་སྤྱི་ཁབ་འགན་འཛིན་ཁེ་རི་ལམ། ༢༠༢༠་ཟླ་༧ ཚེས་༣༡
ཧོང་ཀོང་གི་སྤྱི་ཁབ་འགན་འཛིན་ཁེ་རི་ལམ། ༢༠༢༠་ཟླ་༧ ཚེས་༣༡

༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གཙོས་མངའ་ཁུལ་དེའི་མཐོ་རིམ་འགོ་ཁྲིད་༡༡་ལ་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་པའི་ཐག་གཅོད་བྱས་འདུག དེས་ན་དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པ་འདི་སྔར་ལས་ཇེ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་ཡིན་ཞིང་། ཨ་རིའི་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་ལི་ལམ་སོགས་ལ་ཉེས་ཆད་གཅོད་དགོས་དོན་ནི་ཧོང་ཀོང་གི་འགོ་ཁྲིད་དེ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་པ་ལག་ལེན་བསྟར་ནས་མངའ་ཁུལ་དེའི་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་། མི་དམངས་རྣམས་ཞི་བའི་སྒོ་ནས་འདུ་འཛོམས་བྱས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱེད་ཆོག་པའི་ཐོབ་ཐང་རྣམས་མེད་པར་བཏང་བ་དང་། ཁོ་ཚོས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྩ་མེད་གཏོང་བ་དང་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་མཇུག་སྒྲིལ་དུ་འཇུག་པར་ནུས་པ་ཆེན་པོ་བཏོན་པར་ཐུག་ཡོད་ཅེས་ཨ་རིའི་ནོར་སྲིད་ལྷན་ཁང་གི་ཉེས་ཆད་གསལ་བསྒྲགས་དེར་བཀོད།།

ཨ་རིའི་གཞུང་གིས་ཧོང་ཀོང་གི་མཐོ་རིམ་འགོ་ཁྲིད་༡༡་ལ་བཅད་པའི་ཉེས་ཆད་ཁོངས་སུ་སྐྱེ་བོ་དེ་དག་ལ་ཨ་མི་རི་ཀའི་ས་ཐོག་ཏུ་སྒེར་བདག་གི་མཁར་དངོས་ཡོད་པ་དང་བཟོ་ཚོང་ལས་ཁང་གཞན་ལ་མཉམ་འབྲེལ་ལམ། ཡང་ན་མ་རྩ་བཙུགས་ནས་ཚོང་ལས་ཀྱི་མཁར་དངོས་ཡོད་པ། སྐྱེ་བོ་དེ་དག་ལ་ཚོང་སྐལ་བརྒྱ་ཆ་༥༠་ལྷག་ཡོད་པའི་ཚོང་ལས་དང་མ་རྩ་རྣམས་ཨ་རིའི་གཞུང་གིས་འགོག་ཉར་བྱེད་ཆོག ཨ་རིའི་གཞུང་གིས་ཉེས་ཅད་བཅད་པའི་ཧོང་ཀོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་དེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་ཐག་བཅད། ཟླ་བ་སྔོན་མར་ཨ་རིའི་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་སྲིད་པའི་གསར་འགྱུར་ཐོན་པའི་རྗེས་སུ་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ང་ལ་ཨ་རིའི་ས་ཐོག་ཏུ་མཁར་དངོས་དང་ཚོང་ལས་སོགས་ཅི་ཡང་མེད། ང་ཨ་མི་རི་ཀར་གནས་སྤོར་བྱས་ནས་འགྲོ་འདོད་ཀྱང་མེད། གལ་སྲིད་ང་ལ་ཨ་རིའི་གཞུང་གིས་ཉེས་ཆད་བཅད་ན་དེ་ནི་དགོད་བྲོ་བ་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཡིན་ནའང་ཁེ་རི་ལམ་ལ་ཨ་མི་རི་ཀའི་ས་ཐོག་ཏུ་རང་བདག་གི་ཚོང་ལས་དང་མཁར་དངོས། མཉམ་འབྲེལ་ཚོང་ལས་དང་ཚོང་ལས་ཁག་ལ་མ་རྩ་བཙུགས་ཡོད་པ་སོགས་མེད་སྲིད་ཀྱང་ཁོ་མོའི་བཟའ་ཟླ་བུ་ཕྲུག་ཚོར་ཡོད་སྲིད། ད་དུང་ཁེ་རི་ལམ་དང་ཧོང་ཀོང་གི་མཐོ་རིམ་འགོ་ཁྲིད་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་སློབ་སྦྱོང་དང་ཡུལ་སྐོར་སྤྲོ་འཆམ། ཚོང་དོན་སོགས་ལ་ཡོང་དགོས་ཐུག་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་བཞིན་ཡོད་འདུག

ཧོང་ཀོང་གི་སྤྱི་ཁབ་འགན་འཛིན་ཁེ་རི་ལམ་གྱི་མཉམ་དུ་གྲོང་ཁྱེར་དེའི་མཐོ་རིམ་འགོ་ཁྲིད་ཁེ་རི་སི་ཐང་དང་སི་ཊེ་ཧྥེན་ལོ། ཇཱོན་ལི་ཁ་ཆུག ཊེ་སི་ས་ཁྲེང་དང་ཨེ་རིཀ་ཚཱང་། ཞའོ་པའོ་ལོང་དང་ཀྲང་ཞའོ་མིང་། ལོ་ཧུའི་ནིང་དང་ཀྲེང་ཡན་ཤུང་། ཨེ་རིཀ་ཆན་བཅས་ལའང་ཉེས་ཆད་བཅད་འདུག ཨ་རིའི་ནོར་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་དེར་འཁོར་པ་ལྟར་ན། སྔ་ལོ་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་རྒྱ་ནག་གི་བཀོད་ཇུས་ལྟར་མངའ་ཁུལ་དེའི་གྲོས་ཚོགས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་འཇུག་ཐབས་བྱས་ནས་ཧོང་ཀོང་ལ་ཟླ་བ་མང་པོར་ངོ་རྒོལ་ཁྲོམ་སྐོར་མགོ་བརྩམས་པ་རེད་ཅེས་བཀོད། ནོར་སྲིད་དྲུང་ཆེ་མུ་ཎི་ཆིན་གྱིས་ཨ་མི་རི་ཀ་ཧོང་ཀོང་མི་དམངས་ཀྱི་རྒྱབ་རྩར་ལངས་ཡོད། ང་ཚོས་ཨ་མི་རི་ཀར་ནུས་ཤུགས་ཡོད་ཚད་སྤྱད་ནས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ནུས་མེད་དུ་གཏོང་མཁན་སྐྱེ་བོ་སྒེར་པ་དེ་དག་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་འཇོར་ཇི་ཨོར་ཝེལ་གྱི་བརྩམས་ཆོས་སུ་འཁོད་པའི་དམ་དྲག་དང་གནོན་སྡོམ་གྱི་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་གྱི་འདུག རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཧོང་ཀོང་མི་དམངས་ལ་ལོ་༥༠་རིང་དུ་རང་སྐྱོང་གི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་ཆོག་ཅེས་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་རྒྱུ་མིན་པ་གསལ་པོ་བྱུང་སོང་། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཧོང་ཀོང་ནི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཅིག་གི་ས་གནས་ཤིག་ལ་ངོས་འཛིན་གནང་རྒྱུའི་ཐག་བཅས་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྐྱེ་བོ་སྒེར་པའི་རང་དབང་ཁག་ལ་རྡོག་བརྫིས་ཚབས་ཆེན་བཏང་བ་ཞིག་རེད་ཅེས་སྐྱོན་བཙུགས།།

ཁེ་ལི་ལམ་གྱི་འགོ་ཁྲིད་འོག་ཏུ་ཧོང་ཀོང་གི་ངོ་རྒོལ་བ་༤༠༠༠་ལྷག་འཛིན་བཟུང་བྱས་པ་དང་མི་༡༦༠༠་ལྷག་ལ་རྨས་སྐྱོན་ཕོག ཟླ་བ་རྗེས་མར་ཧོང་ཀོང་ལ་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་པའི་དུས་ཚོད་ཡིན་རུང་ཧོང་ཀོང་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་ལན་ཁག་དཀྲིས་ནས་འོས་འདེམས་ཀྱི་དུས་ཚོད་ཕར་འགྱངས་བྱས་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ། ཧོང་ཀོང་གི་འགོ་ཁྲིད་ཚོས་བཅའ་ཁྲིམས་གསར་པ་དེ་ལག་ལེན་བསྟར་པར་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ཟླ་བ་རྗེས་མའི་གྲོས་ཚོགས་འཐུས་མིའི་འོས་འདེམས་སྐབས་སུ་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་མི་ཐུབ་པའི་ཉེན་ཁ་ཡོད་པས་ཧོང་ཀོང་གཞུང་གིས་འོས་འདེམས་ཀྱི་དུས་ཚོད་ཕར་འགྱངས་བྱས་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བའི་རྗེས་སུ་ཨ་མི་རི་ཀས་ཀྱང་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱས་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་། ད་སྔ་རྒྱལ་ས་ཝ་ཤིང་ཊོན་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་མི་རི་ཀས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་བཅད་པར་འགྲེལ་བཤད་གང་ཡང་བརྒྱབ་མེད་ཀྱང་རྒྱ་ནག་གཞུང་གིས་དེ་ལ་ངོ་རྒོལ་བྱ་རྒྱུ་ཉག་ཅིག་ཡིན་པ་རེད།།

XS
SM
MD
LG