ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཨ་རིས་མོལ་ཌོ་ཝ་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་ཤུཊ་རྐྱེན་འགོག་རྒྱུའི་ཁས་བླངས།


ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་མོལ་ཌོ་ཝའི་སྲིད་འཛིན་མ་ཡ་སན་དྷུ་
ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་མོལ་ཌོ་ཝའི་སྲིད་འཛིན་མ་ཡ་སན་དྷུ་

༄༅།། ཨ་མི་རི་ཀས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མོལ་ཌོ་ཝ་ལ་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༣་ལྷག་རོགས་རམ་སྤྲོད་རྒྱུ་དང་ཨུ་རུ་སུའི་ཤུགས་རྐྱེན་འགོག་རྒྱུའི་ཁས་ལེན་བྱས་འདུག ཕྱི་ཟླ་༥་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ཡུ་རོབ་ལ་ཕེབས་པའི་སྐབས་སུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མོལ་ཌོ་ཝའི་རྒྱལ་ས་ཆི་སི་ནོ་གྲོང་ཁྱེར་དུ་འཁྱུག་ཙམ་བཀག་སྟེ་སྲིད་འཛིན་མ་ཡ་སན་དྷུ་ལ་ཐུག་འཕྲད་གྲོས་མོལ་བྱས་ཤིང་། མོལ་ཌོ་ཝའི་རྡོ་སྣུམ་དང་སོལ་རླངས། གློག་གི་རྨང་གཞིའི་མཐུན་རྐྱེན་རྣམས་ཡར་རྒྱས་བཏང་སྟེ་ཨུ་རུ་སུར་མཐའ་གཅིག་ཏུ་བརྟེན་མི་དགོས་པའི་ཐབས་ལམ་གསར་འཚོལ། ཨུ་རུ་སུས་འཁྱོག་བཤད་དང་དྲིལ་བསྒྲགས་ལོག་པ་བྱས་ནས་མོལ་ཌོ་ཝའི་སྤྱི་ཚོགས་ལྷིང་འཇགས་མེད་པར་གཏོང་གི་ཡོད་པ་འགོག་ཐབས་སོགས་ལ་ཨ་མི་རི་ཀས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས།།

མོལ་ཌོ་ཝའི་ཆབ་སྲིད་སྲིད་གཞུང་།
མོལ་ཌོ་ཝའི་ཆབ་སྲིད་སྲིད་གཞུང་།

གཟའ་ལྷག་པའི་ཉིན་མོལ་ཌོ་ཝའི་སྲིད་འཛིན་སན་དྷུ་དང་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཕྱི་སྲིད་དྲུང་ཆེ་བྷ་ལན་ཀིན་གྱིས་ཨ་མི་རི་ཀས་ཨུ་རུ་སུའི་ཐེ་ཇུས་འགོག་ཐབས་བྱས་ཏེ་མོལ་ཌོ་ཝས་རང་དབང་དང་དྲང་སྙོམས་ཀྱི་འོས་བསྡུ་བྱེད་ཐུབ་པ། མོ་ཌོ་ཝ་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁོངས་སུ་མཉམ་འདྲེས་བྱས་ནས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ཐུབ་པའི་ལམ་དུ་བསྐྱོད་དགོས། ང་ཚོས་ལོག་བཤད་དང་འཁྱོག་བཤད་འགོག་པར་ཕན་ཚུན་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ། ལོག་བཤད་དང་འཁྱོག་བཤད་ནི་ཨུ་རུ་སུའི་ལག་ཆ་གཙོ་བོ་ཞིག་ཡིན་པས་ང་ཚོས་དེ་ལ་ཁ་གཏད་གཅོག་དགོས། ཨུ་རུ་སུས་གང་ཐུབ་ཀྱིས་མོལ་ཌོ་ཝའི་སྟོབས་ཤུགས་བཅག་སྟེ་དམངས་གཙོའི་ལམ་ལུགས་སྤོ་ལུག་ཏུ་བཅུག མོལ་ཌོ་ཝས་རང་མགོ་མི་ཐོན་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་འདུག མོལ་ཌོ་ཝས་དེ་ལ་འགོག་རྒོལ་ནུས་པ་ཐོན་པ་ཞིག་བྱེད་ཀྱི་འདུག་ཅེས་བསྒྲགས།།

མོལ་ཌོ་ཝའི་སྲིད་འཛིན་སན་དྷུས་ཨ་མི་རི་ཀས་རོགས་དངུལ་སྤྲད་པར་བཀའ་དྲིན་ཆེ། ཨ་རིའི་རོགས་དངུལ་ལ་བརྟེན་ནས་མོལ་ཌོ་ཝའི་རྡོ་སྣུམ་དང་སོལ་རླངས་ཀྱི་འབྱུང་ཁུངས་གསར་པ་བཙལ་ཐུབ་ཡོད་པ་དང་དཔལ་འབྱོར་གོང་འཕེལ་སོགས་ལ་ཕན་ཐོགས་བྱུང་སོང་། ང་ཚོ་རྦད་དེ་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས། གློག་བཅས་ལ་བརྟེན་མི་དགོས་པའི་འབད་བརྩོན་བྱས་ནས་གྲུབ་འབྲས་གང་འཚམ་ཐོན་ཡོད། དེང་སྐབས་མོལ་ཌོ་ཝར་ཨ་མི་རི་ཀ་ཚུད་པའི་རྒྱལ་ཁབ་འགའ་ཞིག་ནས་སོལ་རླངས་ཡོང་གི་ཡོད། ན་ནིང་དགུན་ཁར་ཨ་མི་རི་ཀས་ཨ་སྒོར་བྱེ་བ་༨་རོགས་རམ་སྤྲད་ནས་མང་ཚོགས་ཀྱི་སོལ་རླངས་རིན་གོང་སྤར་མ་དགོས་པ་བྱུང་སོང་ཞེས་གསལ་བསྒྲགས་སྤེལ། ཁ་སང་གི་རོགས་སྐྱོར་དེ་མ་རྩིས་པར་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་གཞུག་ནས་ཨ་མི་རི་ཀས་མོལ་ཌོ་ཝ་ལ་ཨ་སྒོར་དུང་ཕྱུར་༧་དང་བྱེ་༧་ལྷག་རོགས་རམ་སྤྲད་པ་དེའི་ཁོངས་ནས་ཨ་སྒོར་དུང་ཕྱུར་༣་རྡོ་སྣུམ་དང་སོལ་རླངས། གློག་མཁོ་འདོན་ཆེད་དུ་ཟུར་འཇོག་བྱ་དགོས་ཞེས་རྒྱས་བཅད།།

རྒྱལ་ཁབ་དེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༣༧༠༠་ཡོད་པ་སྟེ།
རྒྱལ་ཁབ་དེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༣༧༠༠་ཡོད་པ་སྟེ།

ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མོལ་ཌོ་ཝ་ལ་མི་འབོར་ས་ཡ་༢་དང་འབུམ་༥་ཡོད་ཅིང་། རྒྱལ་ཁབ་དེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༣༧༠༠་ཡོད་པ་སྟེ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁྲིས་སུ་ཆགས་པའི་མེ་རི་ལན་ཌི་མངའ་སྡེའི་ཆེ་ཆུང་ལས་མེད་པ་དང་སྔོན་ཆད་མོལ་ཌོ་ཝ་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད། ལོ་རབས་༩༠་པའི་མགོ་སྟོད་དེར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་ཕྱིན་ཀྱང་མོལ་ཌོ་ཝ་སྔར་བཞིན་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་མ་ཐར། ༢༠༢༢་ལོར་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ཨུ་རུ་སུ་དམར་ཤོག་གི་དུས་སུ་མོལ་ཌོ་ཝའི་གློག་སྐུད་ཐམས་ཅད་ཡུཀ་རེན་ལ་མཐུད། ཡུཀ་རེན་གྱི་གློག་ཁང་ཁག་ལ་ཨུ་རུ་སུའི་རྒོལ་རྡུང་ཕོག་སྟེ་མོལ་ཌོ་ཝར་གློག་ཆད་ནས་དཀའ་ངལ་ཚབས་ཆེན་ཕྲད། མོལ་ཌོ་ཝ་ལ་གློག་དང་སོལ་རླངས། རྡོ་སྣུམ་ཆད་པའི་དཀའ་ངལ་ཁོ་ན་མིན་པར་ཡུཀ་རེན་ཕམ་ཉེས་བྱུང་ན་ཕུ་ཊིན་གྱི་གོམ་སྟབས་གཉིས་པ་མོལ་ཌོ་ཝ་ཟ་རྒྱུའི་འཆར་གཞི་རེད་ཅེས་ཉམས་ཞིབ་པ་ཚོས་དཔྱད་བརྗོད་སྤེལ།།

མོལ་ཌོ་ཝའི་མངའ་ཁོངས་སུ་ཊྲན་སི་ཎི་སི་ཊི་རི་ཡ་ཞེས་པའི་ས་གནས་ཤིག་ཡོད་པ་དེར་གནས་སྡོད་བྱེད་མཁན་རྣམས་ཨུ་རུ་སུའི་མི་རིགས་སམ། ཡང་ན་ཨུ་རུ་སུའི་ཕྱོགས་གཏོགས་པ་ཚོ་ཡིན་ཞིང་། ཊྲན་སི་ཎི་སི་ཊི་རི་ཡའི་མི་མང་གིས་ང་ཚོར་མོལ་ཌོ་ཝའི་གཞུང་གིས་ཐུབ་ཚོད་དང་གཉའ་གནོན། དབྱེ་འབྱེད་དང་སྡང་ཟུག་བྱེད་ཀྱི་འདུག ཨུ་རུ་སུའི་གཞུང་གིས་ང་ཚོར་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨུ་རུ་སུས་ལོ་མང་སྔོན་ནས་དམག་མི་༡༥༠༠་བཏང་སྟེ་ཊྲན་སི་ཎི་སི་ཊི་རི་ཡར་ཞི་བདེ་སྲུང་དམག་བཞག འདས་པའི་ལོ་༣༠་ལྷག་ལ་ཊྲན་སི་ཎི་སི་ཊི་རི་ཡ་ནི་རང་བཙན་རྒྱལ་ཁབ་ལྟ་བུ་ཞིག་ཏུ་གྱུར་ཏེ་གཙང་པོ་ཞིག་གི་ཕར་འགྲམ་ཚུར་འགྲམ་ས་མཚམས་སུ་བསྒྱུར། ཡིན་ནའང་ཊྲན་སི་ཎི་སི་ཊི་རི་ཡའི་ཆགས་ཡུལ་དེ་ཉིད་ཡུཀ་རེན་དང་མོལ་ཌོ་ཝའི་བར་དུ་ཚུད་ཡོད་པས་ཨུ་རུ་སུའི་ཐད་ཀར་དམག་དཔུང་འདྲེན་དཀའ། ཡུཀ་རེན་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་ཐུབ་མིན་ནི་མོལ་ཌོ་ཝའི་རང་བཙན་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་གཉིས་ཀྱི་སྔོན་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡུཀ་རེན་ལ་གཟིགས་ཞིབ་ཏུ་ལྷགས། ཁ་སང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རག་གྲོང་ཁྱེར་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཚོར་ཕུ་ཊིན་གྱིས་ཡུཀ་རེན་བཙན་འཛུལ་བྱས་པ་ཁོ་ན་མ་རེད། ཡུཀ་རེན་གྱི་འཕྲོ་ནས་ཁྱིམ་མཚེས་རྒྱལ་ཁབ་འཇོར་ཇཱི་ཡ་དང་མོལ་ཌོ་ཝ་གཉིས་ཟ་རྩིས་འདུག འཇོར་ཇཱི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཕྱི་རྒྱལ་བའི་ངོ་ཚབ་སྟངས་འཛིན་བཅའ་ཁྲིམས་གཏན་འབེབས་བྱས་པ་ཨུ་རུ་སུར་མིག་དཔེ་བལྟས་པ་ཞིག་རེད། འཇོར་ཇཱི་ཡ་དང་མོལ་ཌོ་ཝ་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་འབད་བརྩོན་བྱེད་བཞིན་པར་ཨུ་རུ་སུས་འགོག་རྐྱེན་སློང་གི་ཡོད་པ་རེད་ཅེས་བསྟན། མོལ་ཌོ་ཝའི་གཞུང་གིས་རྒྱལ་ཁབ་དེའི་འོས་བསྡུ་ཁག་ལ་ཨུ་རུ་སུས་ཐེ་ཇུས་བྱེད་ཀྱི་ཡོད་པར་མ་ཟད། མོ་ཌོ་ཝའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསློགས་ནས་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཤར་སྐྱོད་བྱེད་པའི་སྲིད་གཞུང་ཞིག་འཛུགས་ཐབས་ཀྱི་འདུག་ཅེས་ནག་ཉེས་བཙུགས།།

ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་ཡུ་རོབ་ལས་དོན་ཁང་གི་འགན་འཛིན་ཇཱེམ་སི་ཨོབ་རཱེན་
ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་ཡུ་རོབ་ལས་དོན་ཁང་གི་འགན་འཛིན་ཇཱེམ་སི་ཨོབ་རཱེན་

བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་ཡུ་རོབ་ལས་དོན་ཁང་གི་འགན་འཛིན་ཇཱེམ་སི་ཨོབ་རཱེན་གྱིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་མིག་སྔར་དམག་གིས་ཐད་ཀར་འཇིགས་སྐུལ་བྱེད་ཀྱི་མེད་ཀྱང་ཨུ་རུ་སུས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད་ཅེས་བཀྲལ། འཇོར་ཇཱི་ཡའི་གྲོས་ཚོགས་ཀྱི་ཨུ་རུ་སུའི་ཕྱོགས་གཏོགས་འཐུས་མི་ཚོས་གསར་འགོད་རང་དབང་སྟངས་འཛིན་གྱི་ཁྲིམས་ཤིག་བཟོས། ཊྲན་སི་ཎི་སི་ཊི་རི་ཡ་བརྒྱུད་ནས་མོལ་ཌོ་ཝར་ཟིང་ཆ་འབྱུང་གི་ཡོད་པ་རྣམས་ཨུ་རུ་སུར་འབྲེལ་བ་ཡོད་པ་ཨ་རིས་ཐེར་འདོན་བྱས་འདུག ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་ཡུཀ་རེན་དང་མོལ་ཌོ་ཝ། འཇོར་ཇཱི་ཡ་གསུམ་སྔོན་ལ་དབང་དུ་བསྡུས། དེ་ནས་ལི་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་སོགས་ལ་རིམ་གྱིས་བཙན་འཛུལ་བྱས་ནས་ཨུ་རུ་སུ་དམར་ཤོག་སྐབས་ཀྱི་བཙན་རྒྱལ་དེ་སླར་གསོ་བྱ་རྒྱུའི་ཧམ་སེམས་བཅངས་འདུག་ཟེར།།

ཕྱི་ཟླ་༥་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་ཚོས་ཡུཀ་རེན་དང་མོལ་ཌོ་ཝ། འཇོར་ཇཱི་ཡ་གསུམ་ཨུ་རུ་སུའི་བཙན་འཛུལ་འོག་ཏུ་མི་ཚུད་པའི་ཐབས་ལམ་འབའ་ཞིག་ནི་རྒྱལ་ཁབ་དེ་དག་ཡུ་རོབ་མཉམ་འབྲེལ་དང་ཨ་རིས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས། དེ་ལྟར་བྱུང་ན་ཕུ་ཊིན་གྱིས་ཡུཀ་རེན་ནས་མོལ་ཌོ་ཝ་དང་འཇོར་ཇཱི་ཡར་དམག་འཁྲུག་རྒྱ་སྐྱེད་མི་ཕོད་ཅེས་གླེང་། ད་ལོའི་ཕྱི་ཟླ་༧་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས་ནས་ལོ་༨༠་འཁོར་བའི་དུས་དྲན་ཚོགས་པའི་སྐབས་སུ་ཡུཀ་རེན་དང་མོལ་ཌོ་ཝ། འཇོར་ཇཱི་ཡའི་གནས་སྟངས་གླེང་སློང་བྱ་རྒྱུ་ཡིན་ཞིང་། ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དུ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་འཇོར་ཇཱི་ཡའི་ཨབ་ཁ་ཛི་ཡ་དང་ལྷོ་ཨོ་སེ་ཤི་ཡ་གཉིས་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ནས་དམག་དཔུང་བཀྲམ་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG