ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

ཡུཀ་རེན་གྱི་དམག་འཁྲུག་མོལ་ཌོ་ཝ་རྒྱལ་ཁབ་ལ་ཁྱབ་རྒྱུའི་ཉེན་ཁ།


༄༅།། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་མོལ་ཌོ་ཝ་རྒྱལ་ཁབ་ལ་ཁྱབ་སྲིད་པའི་ཉེན་ཁ་ཆེ། གཟའ་འཁོར་འདིར་མོལ་ཌོ་ཝའི་ཁ་བྲལ་གྱེན་ལོག་ས་ཁུལ་ཏེ། ཊྲན་སི་ཎི་སི་ཊི་ཡར་འབར་མདེལ་གྱིས་གཏོར་རྒོལ་རིམ་པ་ཞིག་བྱུང་ནས་བཟུང་། མོལ་ཌོ་ཝའི་སྲིད་བློན་གཞོན་པས་ང་ཚོ་དམག་འཁྲུག་ནང་དུ་ཚུད་རྒྱུའི་ཉེན་ཁ་ཆེན་པོ་འདུག ཉེ་དུས་ཤིག་ནས་གང་ཅིའི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་གྱི་ཡོད་པ་དང་གཏོར་རྒོལ་དེ་མོལ་ཌོ་ཝའི་ས་གནས་དེའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་རེད། མོལ་ཌོ་ཝའི་གཞུང་གིས་ལས་ཁུངས་ཁག་གི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་ཡོད། ང་ཚོས་ཉམས་ཞིབ་བྱས་ནས་བལྟས་ན་ཊྲན་སི་ཎི་སི་ཊི་རི་ཡ་གྱེན་ལོག་ས་ཁུལ་དེའི་ནང་ཁུལ་དུ་ཤོག་ཁག་འདྲ་མིན་བར་དུ་འཁྲུག་རྩོད་ལངས། མོལ་ཌོ་ཝ་སྤྱི་མཐུན་རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་ཉེན་ཁ་འདུག ཡིན་ནའང་ཊྲན་སི་ཎི་སི་ཊི་རི་ཡའི་མི་མང་ཚུད་པའི་མོལ་ཌོ་ཝའི་རྒྱ་ཆེའི་མི་དམངས་རྣམས་དམག་འཁྲུག་ལ་ཐེ་གཏོགས་བྱེད་འདོད་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཕྱི་ཟླ་༤་པའི་ཚེས་༢༨་ཉིན་དབྱིན་ཇིའི་གྷར་ཌི་ཡན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཊྲན་སི་ཎི་སི་ཊི་རི་ཡའི་བདེ་འཇགས་ལྷན་ཁང་དང་རླུང་འཕྲིན་ཁང་གི་ལྕགས་སྡོང་གཉིས། དམག་སྒར་ཞིག་བཅས་ས་གནས་ཁག་འགའ་ཞིག་ལ་འབར་མདེལ་བརྒྱབ་ནས་གཏོར་རྒོལ་ཕོག བདུན་ཕྲག་སྔོན་མར་ཨུ་རུ་སུའི་མཐོ་རིམ་དམག་དཔོན་ཞིག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་ཐམས་ཅད་བླངས་པའི་རྗེས་སུ་ཊྲན་སི་ཎི་སི་ཊི་རི་ཡར་མཐུད་ཐུབ་ཅེས་བསྒྲགས། ཨུ་རུ་སུའི་གཞུང་གིས་མངོན་ལྐོག་གཉིས་ནས་མོལ་ཌོ་ཝའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་ངོས་ལེན་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་མོལ་ཌོ་ཝའི་འགོ་ཁྲིད་ཚོར་ཨུ་རུ་སུའི་བཙན་འཛུལ་འབྱུང་སྲིད་པའི་འཇིགས་སྣང་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་ཡ་ཧུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཊྲན་སི་ཎི་སི་ཊི་རི་ཡ་ཞེས་པའི་ཡུལ་ལུང་དེ་ས་ཆ་ནར་ནར་རིང་པོ་ཞིག་ཡིན་ཞིང་། ས་གནས་དེར་མི་འབོར་༤༧༠༠༠༠་ལྷག་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཏུ་མོ་ཌོ་བ་ཝ་རྒྱལ་ཁབ་ཀྱི་ཤ་ཆས་སུ་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་དུས་རབས་སྔོན་མའི་ལོ་རབས་༩༠་བའི་མཇུག་དེར་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་ཕྱིན་པའི་རྗེས་སུ་ཊྲན་སི་ཎི་སི་ཊི་རི་ཡ་མངའ་ཁུལ་ཧྲིལ་པོ་ཨུ་རུ་སུའི་ཕྱོགས་གཏོགས་ཁ་བྲལ་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད། ༡༩༩༢་ལོར་མོལ་ཌོ་ཝའི་གཞུང་དང་ཊྲན་སི་ཎི་སི་ཊི་རི་ཡའི་ཁ་བྲལ་གྱེན་ལོག་པ་ཚོས་དམག་འཁྲུག་བརྒྱབ་ནས་མི་༧༠༠་ལྷག་བསད། དེང་སྐབས་ཨུ་རུ་སུའི་གཞུང་གིས་ཊྲན་སི་ཎི་སི་ཊི་རི་ཡའི་ནང་གི་ཨུ་རུ་སུའི་མི་རིགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་དམག་མི་༡༥༠༠་བཀྲམ། ད་དུང་ཨུ་རུ་སུའི་གཞུང་གིས་ཊྲན་སི་ཎི་སི་ཊི་རི་ཡ་ས་གནས་གཞུང་ལ་རང་བྱུང་སོལ་རླངས་རིན་མེད་དུ་སྤྲད། ས་གནས་དེའི་རྒན་རྒོན་ཚོར་ཕུ་ཊིན་གྱི་གཟིགས་སྐྱོང་དངུལ་སྒོར་ཞེས་ཟླ་བ་རེར་ཨ་སྒོར་༨་རེ་རྒས་ཕོགས་སྤྲད། ཊྲན་སི་ཎི་སི་ཊི་རི་ཡའི་མི་དམངས་ཀྱིས་རང་གི་མངའ་ཁུལ་དེར་ཨུ་རུ་སུའི་གཏན་འཇགས་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པར་ངོ་རྒོལ་བྱ་རྒྱུ་མིན་པའི་ཁས་བླངས། ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཊྲན་སི་ཎི་སི་ཊི་རི་ཡར་བཅའ་སྡོད་ཨུ་རུ་སུའི་དམག་མིས་ས་གནས་དེའི་མི་དམངས་རྣམས་ཨུ་རུ་སུར་དགའ་ཞེན་དང་མི་རིགས་ཀྱི་ལ་རྒྱ་བསླངས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་གནས་ཚུལ་སྤེལ། རྒྱལ་སྤྱིའི་ཕྱི་འབྲེལ་དང་འཛིན་སྐྱོང་ཉམས་ཞིབ་འབུམ་རམས་པ་ཌོ་རི་ན་བྷལ་ཏག་གིས་ཨུ་རུ་སུས་དཔལ་འབྱོར་རོགས་རམ་དང་རང་བྱུང་སོལ་རླངས་མཁོ་སྤྲོད། སོལ་རླངས་ཀྱི་རིན་གོང་སྤར་གཅོག་བྱས་ནས་རྒྱལ་ཁབ་གཞན་ལ་དབང་བསྒྱུར་དང་ཤུགས་རྐྱེན་ཐེབས་ཐབས་ཀྱི་སྲིད་ཇུས་ཤིག་འཛིན་གྱི་འདུག་ཅེས་བསྟན།།

དབྱིན་ཇིའི་གྷར་ཌི་ཡན་གསར་ཁང་གིས་ཊྲན་སི་ཎི་སི་ཊི་རི་ཡ་དང་ཡུཀ་རེན་གཉིས་ས་མཚམས་དབྱིན་ཇེ་༢༤༨་འདྲེས། ས་གནས་དེར་ཡུཀ་རེན་བ་དང་ཨུ་རུ་སུ། མོལ་ཌོ་ཝ་བཅས་མི་རིགས་ཆེན་པོ་གསུམ་འདུས་འདུག་ཅེས་གནས་ཚུལ་སྤེལ། ཨ་མི་རི་ཀར་བཅའ་སྡོད་མོལ་ཌོ་ཝའི་གཞུང་ཚབ་པ་ཟུར་པ་ཞིག་གིས་ཧྥ་རན་སིའི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཊྲན་སི་ཎི་སི་ཊི་རི་ཡའི་འཛིན་སྐྱོང་དང་དམག་དོན། དཔལ་འབྱོར་སོགས་ཀྱི་གོ་གནས་མཐོ་ཁག་རྣམས་ཨུ་རུ་སུའི་མི་རིགས་ཀྱིས་བཟུང་འདུག ཊྲན་སི་ཎི་སི་ཊི་རི་ཡ་རང་བཙན་ལྟར་མོལ་ཌོ་ཝའི་གཞུང་གིས་དབང་བསྒྱུར་བྱེད་ཐུབ་ཀྱི་མེད་པ་དང་རྒྱལ་ས་ལོགས་སུ་བཙུགས། ཊྲན་སི་ཎི་སི་ཊི་རི་ཡས་རང་གི་དངུལ་ལོར་དཔར་འགྲེམ་བྱས་ནས་རྒྱུག་གི་ཡོད་པར་མ་ཟད། ཨུ་རུ་སུའི་སྐད་ཡིག་ནི་ས་གནས་དེའི་གཞུང་འབྲེལ་སྐད་ཡིག་ཡིན་ཞིང་། ཤར་ཡུ་རོབ་ཀྱི་ས་ཐོག་ཏུ་ཨུ་རུ་སུའི་མདེའུ་དང་འབར་མདེལ་གྱི་གོ་མཛོད་ཆེ་ཤོས་དེ་ཊྲན་སི་ཎི་སི་ཊི་རི་ཡར་འདུག་ཅེས་བཤད། མོལ་ཌོ་ཝའི་སྲིད་འཛིན་གྱིས་གཟའ་འཁོར་འདིའི་གཏོར་རྒོལ་དེ་ཊྲན་སི་ཎི་སི་ཊི་རི་ཡའི་ཁ་བྲལ་གྱེན་ལོག་པ་ཚོས་བསླངས་པ་རེད་ཅེས་ནག་ཉེས་བཙུགས། རྒྱལ་སྤྱིའི་ཕྱི་འབྲེལ་དང་འཛིན་སྐྱོང་ཉམས་ཞིབ་འབུམ་རམས་པ་ཌོ་རི་ན་བྷལ་ཏག་གིས་མོལ་ཌོ་ཝའི་གཞུང་གིས་ཨུ་རུ་སུ་ནས་སོལ་རླངས་རིན་གོང་དམའ་མོ་བྱས་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་དེའི་ཞན་ཆ་ཆེན་པོ་ཞིག་རེད། མོལ་ཌོ་ཝའི་མི་དམངས་རྣམས་ཨུ་རུ་སུའི་སོལ་རླངས་ལ་མ་བརྟེན་ཀ་མེད་དུ་གྱུར་ཡོད་པས་རྒྱལ་ཁབ་དེའི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཞིག་རེད་ཅེས་བཀྲལ། ད་ལྟའི་བར་དུ་མོལ་ཌོ་ཝའི་གཞུང་གིས་ཕྱོགས་སྒྲིག་སྤངས་པའི་བར་གནས་རྒྱལ་ཁབ་ཀྱི་ལངས་ཕྱོགས་བཟུང་། ཟླ་བ་གཉིས་ཀྱི་གོང་དུ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་མོལ་ཌོ་ཝའི་བདག་དབང་དང་རང་བཙན་ལ་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

ཁ་སང་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཛ་ཁ་རོ་ཝས་གསར་འགོད་ལྷན་ཚོགས་བསྐོངས་ནས་ཊྲན་སི་ཎི་སི་ཊི་རི་ཡར་ཟིང་ཆ་ལང་ས་རེད། ང་ཚོས་བལྟས་ན་ཡུཀ་རེན་གྱི་དམག་འཁྲུག་དེ་ཊྲན་སི་ཎི་སི་ཊི་རི་ཡར་ཁྱབ་སྲིད་པའི་ཉེན་ཁ་ཡོད་ཀྱང་ཨུ་རུ་སུའི་དམག་བཏང་ནས་ཊྲན་སི་ཎི་སི་རི་ཡའི་ཟིང་འཁྲུག་ཞོད་འཇགས་གཏོང་མི་དགོས་པའི་རེ་བ་ཡོད་ཅེས་བསྒྲགས། ཊྲན་སི་ཎི་སི་ཊི་རི་ཡའི་འགོ་ཁྲིད་ཚོས་ཡུཀ་རེན་གྱིས་གཏོར་རྒོལ་བྱས་ནས་ས་གནས་དེར་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་ནག་ཉེས་བཙུགས། ཡུཀ་རེན་གྱིས་ཨུ་རུ་སུས་ངན་སྐུལ་བྱས་ནས་ཊྲན་སི་ཎི་སི་ཊི་རི་ཡར་ཟིང་འཁྲུག་བསླངས་ཏེ་དམག་འཁྲུག་རྒྱ་ཆེ་རུ་གཏོང་གི་འདུག་ཅེས་ལན་ཁག་དཀྲིས། ཡུ་རོབ་མཉམ་འབྲེལ་གྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས་ཊྲན་སི་ཎི་སི་ཊི་རི་ཡར་གཏོར་རྒོལ་བྱུང་བ་དེའི་རྒྱབ་ལོགས་སུ་ཨུ་རུ་སུ་ཡོད་པ་གསལ་པོ་རེད། ང་ཚོས་ཊྲན་སི་ཎི་སི་ཊི་རི་ཡར་དམག་འཁྲུག་ལང་རྒྱུའི་ཉེན་ཁ་མཐོང་གི་མེད་ཀྱང་ཨུ་རུ་སུའི་སྨྱོ་སྤྱོད་ལ་ངེས་གཏན་བྲལ་ཞེས་བཤད། མོལ་ཌོ་ཝ་ནི་ཡུལ་རོབ་གླིང་གི་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་དང་མི་འབོར་ས་ཡ་༢་ལྷག་ལས་མེད་ཅིང་། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་རྒྱལ་ཁབ་དེའི་ཕྱིར་ཚོང་བརྒྱ་ཆ་༡༥་མཚམས་ཆད། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ནས་ཡུཀ་རེན་གྱི་བཙན་བྱོལ་བ་༩༥༠༠༠་ལྷག་མོལ་ཌོ་ཝ་རྒྱལ་ཁབ་ཏུ་འབྱོར། མོལ་ཌོ་ཝའི་ཕྱི་སྲིད་ལྷན་ཁང་གིས་ཡུཀ་རེན་གྱི་བཙན་བྱོལ་བ་དེ་དག་གིས་རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ་༣་དང་ཕྱེད་ཀ་ཟིན་གྱི་འདུག མོལ་ཌོ་ཝའི་བྱིས་པ་བཅུའི་ནང་གི་གཅིག་ཡུཀ་རེན་གྱི་བཙན་བྱོལ་བའི་བུ་ཕྲུག་རེད། ང་ཚོར་དཔལ་འབྱོར་དཀའ་ངལ་ཡོད་པ་དེའི་ཐོག་ཏུ་ཡུཀ་རེན་གྱི་བཙན་བྱོལ་བ་འབྱོར་ནས་དཀའ་ངལ་ཆེ་རུ་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

=
=

མོལ་ཌོ་ཝའི་སྲིད་བློན་གཞོན་པ་ཕོ་ཕེ་སི་ཀུས་ང་ཚོའི་ཕྱིར་ཚོང་བརྒྱ་ཆ་༡༤་ལྷག་ཡུཀ་རེན་དང་བྷེ་ལོ་རུ་སི། ཨུ་རུ་སུ་བཅས་ལ་འཚོང་གི་ཡོད་ཀྱང་དམག་འཁྲུག་ལངས་ནས་ཕྱིར་ཚོང་རྦད་དེ་འགགས་སོང་། ཡུཀ་རེན་གྱི་ཨོ་དྷེ་ས་མཚོ་ཁ་བརྒྱུད་ནས་མོལ་ཌོ་ཝའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་འགགས་པའི་རྗེས་སུ་དངོས་ཟོག་གི་རིན་གོང་བརྒྱ་ཆ་༢༢་འཕར། བདུན་ཕྲག་སྔོན་མར་མོལ་ཌོ་ཝའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་ནས་སྔོན་འགྲོའི་དྲི་བ་༣༦༩་ལ་ལན་བཏབ། ད་ལྟ་མོལ་ཌོ་ཝ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་ཆ་རྐྱེན་ཚང་མིན་གྱི་ཡིག་ཆ་རིམ་པ་གཉིས་པ་དེའི་དྲི་བ་༢༠༠༠་ཐམ་པར་ལེན་འདེབས་བྱ་རྒྱུ་མགོ་ཚུགས། སྲིད་བློན་གཞོན་པ་ཕོ་ཕེ་སི་ཀུས་ང་ཚོ་ཡུ་རོབ་གླིང་ལ་འབྲེལ་བ་ཡོད་པ་དང་ཡུ་རོབ་པའི་ངོ་བོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ང་ཚོའི་རོ་མན་སྐད་ཡིག་ནི་ཡུ་རོབ་མཉམ་འབྲེལ་གྱི་སྐད་ཡིག་ཁོངས་སུ་ཚུད་ཡོད། མོལ་ཌོ་ཝ་གཞུང་དམངས་གཉིས་ཀས་ཡུ་རོབ་མཉམ་འབྲེལ་གྱི་དམངས་གཙོའི་ཁྲིམས་དང་ལམ་ལུགས་རྣམས་དང་ལེན་ཚུལ་བཞིན་བྱེད་ཐུབ། དེས་ན་ང་ཚོ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་རྒྱུ་སྟབས་བདེ་པོ་ཡོད་པའི་རེ་བ་ཡོད་ཅེས་བཤད། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཕལ་ཆེ་བས་མོལ་ཌོ་ཝ་དང་ཡུཀ་རེན། འཇོར་ཇི་ཡ་གསུམ་གྱི་བདེ་སྡུག་ལ་སེམས་ཁྲལ་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་དེ་དག་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་ཐུབ་རྒྱུའི་རེ་བ་ཆུང་། བདུན་ཕྲག་སྔོན་མར་ཊྲན་སི་ཎི་སི་ཊི་རི་ཡའི་འགོ་ཁྲིད་ཚོས་ས་གནས་དེའི་སྐྱེས་པ་དམག་འཁྲུག་ལ་ཞུགས་ཐུབ་པའི་ལོ་ཚོད་ཟིན་པ་རྣམས་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་ཅེས་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་མོལ་ཌོ་ཝར་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུ་དང་ཊྲན་སི་ཎི་སི་ཊི་རི་ཡ་བཙན་འཕྲོག་བྱ་རྒྱུའི་ཀུན་སློང་འཆང་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG