ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་དམག་གི་གནམ་གྲུ་རྒྱ་ནག་གི་ཉེ་འཁོར་དུ་ཐེངས་༦༠་འཕུར་སྐྱོད།


ཨ་རིའི་གནམ་གྲུ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་སྐོར་བ་བརྒྱབ་སྟེ་ཕྱིར་སླེབས་པ། ༢༠༢༠།༧།༦
ཨ་རིའི་གནམ་གྲུ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་སྐོར་བ་བརྒྱབ་སྟེ་ཕྱིར་སླེབས་པ། ༢༠༢༠།༧།༦

༄༅།། ད་ལོའི་ཕྱི་ཟླ་༩་པ་གཅིག་པུར་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་རྒྱ་ནག་གི་ཉེ་འཁོར་གྱི་མཚོ་ཐོག་ཏུ་ཐེངས་༦༠་ཐམ་པ་འཕུར་སྐྱོད་བྱས་པ་ནི་ལོ་འདིའི་ཕྱི་ཟླ་༧་པ་དང་༨་པ་གཉིས་ཀར་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་འཕུར་སྐྱོད་བྱས་པ་ལས་ཀྱང་མང་བ་བྱུང་འདུག རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་ཁག་དང་དམག་དོན་མྱུལ་ཞིབ་གནམ་གྲུ་ཁག་ཐེ་ཝན་མཚོ་འགག་གི་མཁའ་དབྱིངས་སུ་བཏང་ནས་དཔུང་འཇུག་བྱ་རྒྱུའི་སྡིགས་ར་བསྐུལ་རྒྱུ་ཅི་ཙམ་མང་དུ་བཏང་ཚེ། ཨ་མི་རི་ཀས་དེ་ཙམ་གྱིས་རྒྱ་ནག་གི་ཉེ་འཁོར་དུ་ཆགས་པའི་མཚོ་ཐོག་གི་མཁའ་དབྱིངས་དེ་ཚོར་མྱུལ་ཞིབ་གནམ་གྲུ་གཏོང་རྒྱུ་མང་དུ་གཏོང་དགོས་ཐུག་འདུག་ཅེས་གནས་ཚུལ་ཐོན། ལྷོ་མཚོའི་འཐབ་ཇུས་ཞིབ་འཇུག་ཁང་གི་དྲྭ་ལམ་དུ་རྒྱ་ནག་གི་ཉེ་འཁོར་དུ་ཆགས་པའི་མཚོ་ཐོག་གི་མཁའ་དབྱིངས་དེ་ཚོར་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་གཏོང་རྒྱུ་མང་དུ་བཏང་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གིས་རྩོད་གཞི་ཅན་གྱི་མངའ་ཁོངས་དེ་ཚོར་རྒྱ་སྐྱེད་གཏོང་གི་ཡོད་པར་ཨ་མི་རི་ཀའི་འགོག་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་གནས་ཚུལ་སྤེལ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་འབྲེལ་བ་ཡོད་པའི་ཨ་རིའི་དམག་གི་མགྲིན་ཚབ་པ་ཞིག་གིས་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་རྒྱ་ནག་གི་ཉེ་འཁོར་གྱི་མཚོ་ཐོག་ཏུ་འཕུར་སྐྱོད་བྱས་པའི་གྲངས་འབོར་རྣམས་རྒྱུན་ལྡན་ཞིག་ཡིན་ཞེས་བཤད་འདུག

ཨ་རིའི་དམག་གི་མགྲིན་ཚབ་པ་དེས་ཨ་མི་རི་ཀའི་དམག་གི་གནམ་གྲུ་ཁག་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་འཕུར་སྐྱོད་བྱེད་ཀྱི་ཡོད། དེ་ནི་ཁྲིམས་མཐུན་དང་ཨེ་ཤི་ཡའི་མངའ་ཁུལ་ཁག་ལ་མུ་མཐུད་དུ་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་རྣམས་འཕུར་སྐྱོད་བྱ་རྒྱུ་ཡིན། ང་ཚོའི་ལས་དོན་སྒྲུབ་ཕྱོགས་རྒྱ་ཆེ་ཆུང་ནི་ས་གནས་ཁག་གི་མིག་སྔའི་གནས་སྟངས་ལ་ཐུག་ཡོད། ཨ་མི་རི་ཀའི་དམག་གི་གནམ་གྲུ་རྣམས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་ཚུད་པའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་འཕུར་སྐྱོད་བྱས་ནས་སྐོར་གཡེང་བྱེད་ཀྱི་ཡོད། ང་ཚོས་གནམ་གྲུ་གཏོང་གི་ཡོད་པ་འདིས་ཨ་མི་རི་ཀས་མངའ་ཁུལ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་མཚོན་ཐུབ་ཆེས་བཤད། རྒྱ་ནག་གི་ལྷོ་མཚོའི་འཐབ་ཇུས་ཞིབ་འཇུག་ཁང་གིས་ཀྱང་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་འཕུར་སྐྱོད་བྱ་ཡུལ་མང་ཆེ་བ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་རེད་ཅེས་གནས་ཚུལ་སྤེལ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་༣་དང་ཕྱེད་ཀ་ཡོད་པ་དེའི་ས་ཁྱོན་བརྒྱ་ཆ་༩༠་ལྷག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་དབང་རྩོད་ཀྱི་ཡོད་ཀྱང་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན། མ་ལེ་ཞི་ཡ་དང་བྷུ་རུ་ནེ། ཐེ་ཝན་བཅས་ཀྱིས་ཀྱང་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཀྱི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་ཅིང་། ཉེ་ཆར་ཕྱི་ཟླ་༧་པའི་ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་འཐབ་རྒོལ་བྱེད་མཁན་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྒྲགས།།

ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་པཱར་ཁེ་འཐབ་ཇུས་ཞིབ་འཇུག་ཁང་གི་གཙོ་འཛིན་གཞོན་པ་ཤཱང་ཀིང་གིས་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་ཀྱི་ཡོད་པ་ནི་ཕྱི་སྲིད་དྲུང་ཆེའི་གཏམ་བཤད་དེ་དག་ལག་ལེན་བསྟར་གྱི་ཡོད་པ་ཞིག་པ་ཞིག་ཡིན་ཞིང་། ཕྱི་སྲིད་དྲུང་ཆེ་ཕོམ་ཕིའོ་ཡིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་གི་ཡོད་པ་ཁྲིམས་འགལ་ཡིན་པ་དང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་ཀྱི་བདག་དབང་རྩོད་ཀྱི་ཡོད་པའང་ཁྲིམས་མཐུན་ཞིག་མ་རེད་ཅེས་བཤད་འདུག ད་ལྟ་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་ལ་འཕུར་སྐྱོད་བྱ་རྒྱུ་ཇེ་མང་དུ་སོང་བ་ཨ་མི་རི་ཀས་ཁ་ནས་བཤད་པ་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་བ་ཡིན་སྲིད། ཨ་མི་རི་ཀས་དམག་གི་མྱུལ་ཞིབ་གནམ་གྲུ་འཕུར་རེ་བཞིན་དུ་རྒྱ་ནག་གིས་ཨ་མི་རི་ཀར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་མདེའུ་ངོ་མ་འཕངས་ནས་དམག་སྦྱོང་བྱ་ཡུལ་གྱི་མཁའ་དབྱིངས་སུ་ཨ་མི་རི་ཀའི་དམག་གི་མྱུལ་ཞིབ་གནམ་གྲུ་འཕུར་སྐྱོད་བྱས་སོང་། ཨ་རིའི་དམག་གི་གནམ་གྲུ་དེ་ཆོག་མཆན་མེད་པར་རྒྱ་ནག་གིས་དམག་སྦྱོང་བྱ་ཡུལ་གྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་པ་ནི་རྒྱལ་ཁབ་གཞན་གྱི་དམག་སྦྱོང་ལ་གཏོར་བརླག་བྱེད་མི་ཆོག་པའི་ཁྲིམས་ལ་འགལ་འཛོལ་བྱས་པ་ཞིག་རེད། འདི་ནི་ཨ་མི་རི་ཀས་བསམ་བཞིན་རྒྱ་ནག་ལ་འཁྲུག་རྩོད་སློང་གི་ཡོད་པ་ཞིག་རེད་ཅེས་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ངོ་རྒོལ་བྱས་འདུག

ཐེ་ཝན་གྱི་དམ་ཁཱང་སློབ་གྲྭ་ཆེན་མོའི་འཐབ་ཇུས་ཉམས་ཞིབ་ཁང་གི་སློབ་དཔོན་ཨ་ལིཀ་ཛན་ཌར་ཧོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ཧྥི་ལི་ཕིན་དང་ཐེ་ཝན་གྱི་བར་དུ་ཡོད་པའི་ལུ་ཛོན་མཚོ་འགག་གི་འཛུལ་སྒོའི་གཡས་གཡོན་གྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྟོབས་ཤུགས་མེད་པས་རྒྱ་ནག་གི་མཚོ་འོག་དམག་གྲུ་རྣམས་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པ་གནམ་གྲུའི་ཁ་ལོ་བ་ཚོས་དངོས་སུ་མཐོང་གི་འདུག་ཅེས་བཤད། ༢༠༡༠་ནས་༢༠༡༧་བར་དུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་མང་དག་ཅིག་བཙན་བཟུང་བྱས་ནས་དམག་དོན་དང་ཞི་བའི་ལས་དོན་གྱི་ལྟེ་གནས་ཁག་ལ་བསྒྱུར་ནས་བཟུང་། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཆགས་པའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་གསར་པ་ཞིག་འཕྲད་འགོ་ཚུགས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་བཏང་ནས་དམིགས་འབེན་དུ་འཛིན་ཡུལ་གཙོ་བོ་ཞིག་ཐེ་ཝན་ཡིན་ཞིང་། ཕྱི་ཟླ་༡༠་པའི་ཚེས་༢༦་ཉིན་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༤་ལྷག་གིས་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་ཡོད་པར་མ་ཟད། བདུན་ཕྲག་སྔོན་མར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་བཅུའི་འཕུར་མདེལ་བཙོང་རྒྱུའི་ཐག་བཅད། དེར་བརྟེན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ལཱོ་ཀི་མར་ཊིན་དང་བྷོ་དབྱིན་བཟོ་ཚོང་ལས་ཁང་གི་འཕུར་མདེལ་བཟོ་ཚོང་སྡེ་ཚན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཨ་རིའི་འཕུར་མདེལ་འགོག་སྲུང་མཚོན་ཆ་དེས་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ནས་འཕུར་མདེལ་འཕངས་པ་རྣམས་བར་སྣང་ཁམས་ནས་གཏོར་ཐུབ་ཀྱི་ཡོད་པ་རེད།།

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་མི་རི་ཀས་འཕུར་མདེལ་འགོག་སྲུང་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་པར་བཀའ་དྲིན་ཆེ། ཨ་རིའི་འཕུར་མདེལ་འགོག་སྲུང་མཚོན་ཆས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་རིམ་མཐོ་རུ་གཏོང་ཐུབ་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། ༡༩༧༩་ལོར་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པའི་རྗེས་སུ་ཐེ་ཝན་གྱི་བདེ་འཇགས་ལ་མཁོ་བའི་མཚོན་ཆ་རྣམས་ཨ་མི་རི་ཀས་ཕྱིར་ཚོང་བྱ་དགོས་པའི་སྲིད་ཇུས་གཏན་ལ་ཕབ། འོན་ཀྱང་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧྥི་ལི་ཕིན་བཅས་ལ་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་ལྟར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་མཚོ་གླིང་དེའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ཐག་གཅོད་གསལ་པོ་ཞིག་བྱས་མེད་ཅིང་། ཨ་མི་རི་ཀས་རྒྱ་ནག་ལ་ཐེ་ཝན་གྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་དེ་ལ་བར་འགོག་བྱ་རྒྱུ་ཡིན་ཞེས་གོ་བརྡ་གསལ་པོ་སྤྲད་འདུག ཨ་མི་རི་ཀའི་སྲིད་གཞུང་རིམ་པས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་དེར་གཟབ་ནན་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་དེར་འཛེམ་ཟོན་མེད་པ། ལྷག་པར་དུ་དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་ཡོད་པས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་སྟབས་བདེ་རུ་སོང་འདུག

XS
SM
MD
LG