རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་བཟུང་། ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་རྒྱུ་དང་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ། ཧོང་ཀོང་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པ་དེར་ཚད་བཀག་བྱ་དགོས། རྒྱ་ནག་དང་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཁག་ཅིག་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་དགོས། ཁོ་ཚོར་ཨ་རིའི་ས་ཐོག་ཏུ་ཡོད་པའི་རྒྱུ་དངོས་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་ཉེས་ཆད་གཅོད་རྒྱུ་སོགས་བྱ་ཐབས་སྣ་མང་ཞིག་ལ་བསམ་གཞིག་བྱ་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་རང་སྐྱོང་གི་ཐོབ་ཐང་ཡོད་པ་དེར་གཞིགས་ནས་ཨ་མི་རི་ཀས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲད་མོད། ཁ་སྔོན་གཟའ་ལྷག་པར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་ནི་སྔར་བཞིན་རྒྱ་ནག་གི་མངའ་འོག་ཏུ་རང་སྐྱོང་གི་ཐོབ་ཐང་ཡོད་པའི་ས་ཁུལ་ལ་ཞིག་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག་ཅེས་ཨ་རིའི་གྲོས་ཚོགས་ལ་སྙན་སེང་ཞུས། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ་དེར་ལན་པ་ཅི་ཞིག་སློག་དགོས་མིན་ཐག་གཅོད་བྱ་དགོས་པའི་དུས་སུ་བབ་འདུག གལ་སྲིད་ཨ་མི་རི་ཀས་ཧོང་ཀོང་ལ་སྤྲོད་ཀྱི་ཡོད་པའི་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཕྱིར་བསྡུ་བྱེད་ན་ཨ་མི་རི་ཀར་ཅི་ཞིག་འབྱུང་རྒྱུ་ཡིན་ནམ། རྒྱ་ནག་དང་ཧོང་ཀོང་གཉིས་ལ་གྱོང་གུད་ཅི་ཞིག་འཕོག་རྒྱུ་ཡིན་ནམ།།
རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཨ་རིའི་གཞུང་གིས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲད་ཡོད་པ་ཕྱིར་བསྡུ་བྱ་མི་ཕོད། ཧོང་ཀོང་གི་དམིགས་བསལ་ཚོང་འབྲེལ་གནས་བབ་མེད་པར་གྱུར་ན་རྒྱ་ནག་གཅིག་པུ་མིན་པར་ཨ་མི་རི་ཀ་ལའང་ཚོང་ལས་ཀྱི་གྱོང་གུད་འཕོག་སྲིད་ཅེས་གླེང་། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་སུ་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་བློ་འཚབ་ཆེན་པོ་བྱུང་འདུག དཔེར་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་༣༠༠་ཡས་མས་ཤིག་གི་ཨེ་ཤི་ཡའི་མངའ་ཁུལ་གྱི་དབུས་སྤྱི་ཁྱབ་ཁང་རྣམས་ཧོང་ཀོང་ལ་ཚུགས། ཨ་རིའི་བཟོ་ཚོང་ལས་ཁང་༡༣༠༠་ལྷག་གིས་ཧོང་ཀོང་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པ་དང་ཨ་རིའི་སྤྱི་དམངས་༨༥༠༠༠་ཙམ་ཧོང་ཀོང་གི་ས་ཐོག་ཏུ་གནས་སྡོད་བྱེད་ཀྱི་ཡོད་ཅིང་། གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱི་མགྲིན་ཚབ་པས་གསར་འགོད་པར་བཤད་པ་ལྟར་ན། སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱེད་དུ་འཇུག་ཐབས་བྱས་པར་དུས་ཡུན་ཟླ་བ་༦་གི་རིང་དུ་ངོ་རྒོལ་ལས་འགུལ་ལངས། དེའི་གཞུག་ཏུ་ང་ཚོར་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུའི་གདེང་ཚོད་བརླགས་སོང་། དེ་ནས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ཅིག་ས་གནས་གཞན་ལ་སྤོར་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་སོང་། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྟངས་འཛིན་བྱ་རྒྱུ་ལོ་རེ་བཞིན་དུ་ཇེ་དམ་དང་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་སྲིད་པའི་ཉེན་ཁ་ཆེ། དེས་ན་སྔོན་ཆད་ཧོང་ཀོང་རྒྱལ་སྤྱིའི་ཚོང་ལས་ཀྱི་ལྟེ་གནས་ཤིག་ཡིན་པའི་ཁྱད་ཆོས་རྣམས་རིམ་བཞིན་བརླག་རྒྱུ་རེད། ཧོང་ཀོང་རྒྱལ་སྤྱིའི་ཚོང་ལས་ལ་གནད་འགག་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པའི་དགོས་པའང་ཆུང་དུ་འགྲོ་རྒྱུ་རེད་ཅེས་བཤད།།
ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱེད་ན་ཧོང་ཀོང་ལ་གྱོང་གུད་ཅི་ཙམ་ཡོད་དམ། ཨ་རིའི་ཁོར་ནལ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དང་ཚོང་ལས་རིག་པའི་སློབ་དཔོན་ཨེ་སི་ཝར་པ་ར་ས་ཌིས་བཤད་པ་ལྟར་ན། ༢༠༡༨་ལོར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཧོང་ཀོང་གི་ས་ཐོག་ཏུ་ཨ་སྒོར་ཐེར་འབུམ་༨༢་དང་གྲངས་ཆུང་༥་བཙུགས་ནས་ཚོང་ལས་གཉེར། ཧོང་ཀོང་གིས་ཨ་མི་རི་ཀ་ནས་ཨ་སྒོར་ཐེར་འབུམ་༦༧་མ་ཟིན་ཙམ་གྱི་དངོས་ཟོག་ནང་འདྲེན་བྱས་འདུག ༢༠༡༩་ལོར་ཨ་རི་དང་ཧོང་ཀོང་གི་ཚོང་ལས་ནང་དུ་ཧོང་ཀོང་ལ་ཨ་སྒོར་ཐེར་འབུམ་༢༦་དང་གྲངས་ཆུང་བཞིའི་ཁེ་སང་ཐོབ། ཧོང་ཀོང་གི་ཚོང་ལས་འཕེལ་རྒྱས་དང་ཡུན་བརྟན་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་མངའ་ཁུལ་དེར་ཁྲིམས་ཀྱིས་སྐྱོང་བའི་ལམ་སྲོལ་ཞིག་དར་ཡོད་པར་ཐུག་འདུག ཨ་མི་རི་ཀའི་ཚོང་ལས་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་སྲིད་གཞུང་གཉིས་བརྩི་མེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་ཐུབ་ཀྱི་ཡོད་ཚེ། མ་འོངས་པར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཚོང་ལས་དང་དཔལ་འབྱོར་སོགས་ཀྱི་བཅའ་ཁྲིམས་ཁག་ཀྱང་གཏན་འབེབས་མི་སྲིད་པ་ཞིག་མ་རེད། ད་ནི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ཧོང་ཀོང་ནས་ཐད་ཀར་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཞུགས་ནས་ཚོང་ལས་གཉེར་པའམ། ཡང་ན་ཧོང་ཀོང་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་རྒྱུའི་གདམ་ཀ་ལས་མི་འདུག ཧོང་ཀོང་གི་ས་ཐོག་ཏུ་ཚུགས་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་དང་དངུལ་རྩའི་ལས་དོན་རྣམས་ངེས་གཏན་མེད་པ་ཞིག་ཏུ་གྱུར། ལྷག་པར་དུ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཧོང་ཀོང་གི་སྤྱི་ཚོགས་སུ་ཁྲིམས་ཀྱིས་སྐྱོང་བའི་ལམ་སྲོལ་ཞིག་དར་ཡོད་པ་དེར་བློ་གཏད་བཅོལ་ས་མེད་པར་གྱུར་པ་རེད། ཧོང་ཀོང་ལ་རྒྱ་ནག་སྐམ་ས་ཆེན་མོ་དང་མ་འདྲ་བར་ཁྲིམས་ཀྱིས་སྐྱོང་བའི་ལམ་སྲོལ་ཞིག་དར་ཡོད་པ་དེའི་སྟབས་ཀྱིས་ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་དེ་ཚོས་ཧོང་ཀོང་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར། ད་ནས་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་མེད་པ་དང་ཨ་མི་རི་ཀའི་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པའང་ཕྱིར་བསྡུ་བྱེད་ན་ཧོང་ཀོང་ལ་བལྟ་ས་ཅི་ཡང་མི་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།
ཧོང་ཀོང་གི་ས་གནས་འགོ་ཁྲིད་ཚོས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་དང་མ་རྩ་འཛུགས་མཁན་ཚོར་༢༠༡༩་ལོའི་ངོ་རྒོལ་དེ་འདྲ་བསྐྱར་ཟློས་མི་འབྱུང་བའི་ཆེད་དུ་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་དགོས་ངེས་སུ་གྱུར་འདུག ན་ནིང་གི་ངོ་རྒོལ་ལས་འགུལ་ཁག་གིས་ཧོང་ཀོང་གི་དཔལ་འབྱོར་ཉམས་རྒུད་བཏང་སོང་། ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་ཡོད་ན་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ལངས་ནས་ཚོང་ལས་དང་མི་མང་གི་རྒྱུན་ལྡན་འཚོ་བར་འགོག་རྐྱེན་རྒྱག་མི་ཐུབ་ཅེས་རྒྱུ་མཚན་བགྲངས། ཧོང་ཀོང་བ་མང་པོ་ཞིག་གིས་རང་གི་དངུལ་སྒོར་དང་རྒྱུ་དངོས་རྣམས་ཕྱི་རྒྱལ་ལ་ཇི་ལྟར་གཏོང་དགོས་མིན། ཁོ་ཚོས་ཧོང་ཀོང་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པ་རྣམས་ཕྱིར་འཐེན་བྱས་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་ཕྱོགས་བཅས་ལ་ཁྲིམས་རྩོད་པ་དང་ཚོང་ལས་མཁས་པ་ཚོར་སྐད་ཆ་འདྲི་བཞིན་ཡོད་པར་མ་ཟད། ཧོང་ཀོང་བའི་དངུལ་སྒོར་རྣམས་ཕྱི་རྒྱལ་ལ་གཏོང་རྒྱུ་ཇེ་མང་ཡིན་པའི་གནས་ཚུལ་ཐོན། ཧོང་ཀོང་བ་ཁག་ཅིག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པ་དེའི་ཤུགས་རྐྱེན་དངོས་སུ་ཐེབས་པར་དུས་ཡུན་གང་འཚམ་ཞིག་འགོར་ས་རེད། དེའི་བར་དུ་བལྟས་ནས་བསྡད་ན་ཡག་ས་རེད་ཅེས་ངང་སྒུག་གི་ལངས་ཕྱོགས་ཤིག་བཟུང་། མི་ཁག་ཅིག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་སུ་ངོ་རྒོལ་དང་ཟིང་འཁྲུག་གི་རིགས་ལང་མི་ཐུབ་པར་ཚོང་ལས་ཀྱི་ཁོར་ཡུག་བརྟན་པོ་ཞིག་ཚུགས་ཐུབ་ཅེས་རེ་ལྟོས་ཀྱི་ལངས་ཕྱོགས་ཤིག་བཟུང་འདུག ཡིན་ནའང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ངོ་རྒོལ་གྱི་ལས་འགུལ་ཁག་འགོག་ཐབས་ཁོ་ནར་ལག་ལེན་བསྟར་རྒྱུ་ཡིན་མིན་ངེས་གཏན་བྲལ། རྒྱ་ནག་སྐམ་ས་ཆེ་མོར་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་ནས་ཤེས་ཡོན་ཅན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། ཁྲིམས་རྩོད་པ་དང་གསར་འགོད་པ། སྤྱི་ཚོགས་ལས་འགུལ་བ་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཧོང་ཀོང་ལའང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་ནས་མངའ་ཁུལ་དེའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། ཆབ་སྲིད་ཀྱི་གནད་དོན་ཁག་ལ་ངོ་རྒོལ་བྱེད་ཆོག་པའི་རང་དབང་། ཧོང་ཀོང་གི་ཚོང་ལས་རང་དབང་། ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་སྐྱོང་ལམ་ལུགས་ཤིག་དར་ཡོད་པ་རྣམས་མེད་པར་བཏང་སྟེ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཀྱང་ལག་ལེན་བསྟར་རྒྱུ་ཕྱིར་འཐེན་བྱ་སྲིད་པའི་ཉེན་ཁ་ཡོད་པ་རེད།།
སྤྱིར་ཧོང་ཀོང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་རུང་༡༩༩༢་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་སྲིད་ཇུས་ལག་བསྟར་ཁྲིམས་ཡིག་གཏན་ལ་ཕབ། ཁྲིམས་ཡིག་དེར་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོ་དང་མ་འདྲ་བའི་དམིགས་བསལ་དཔལ་འབྱོར་ས་ཁུལ་ཞིག་ལ་ངོས་འཛིན་བྱ་རྒྱུ། ཨ་མི་རི་ཀས་ཧོང་ཀོང་དང་རྒྱ་ནག་གཉིས་ལ་ཚོང་འབྲེལ་འཛིན་སྟངས་དེར་སྲིད་ཇུས་མ་འདྲ་བ་གཉིས་ལག་ལེན་བསྟར་རྒྱུའི་ཐག་བཅད། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ནས་མངའ་ཁུལ་དེའི་བདག་དབང་རྩིས་བླངས། དེར་བརྟེན་ཧོང་ཀོང་དམིགས་བསལ་ས་ཁུལ་རང་བཙན་རྒྱལ་ཁབ་ཁག་གིས་བཙུགས་པའི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཞུགས། ཧོང་ཀོང་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སོགས་ལའང་མཉམ་ཞུགས་བྱེད་ཆོག་པའི་ཐོབ་ཐང་སྤྲད། ༢༠༡༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་སླར་ཡང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་ཡོད་ཅེས་གྲོས་ཆོད་བཞག ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལོ་ལྟར་ཧོང་ཀོང་ལ་ཚད་ལྡན་གྱི་རང་སྐྱོང་ཐོབ་ཐང་ཞིག་ཡོད་མེད་ཞིབ་འཇུག་བྱ་དགོས། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀས་སྔར་བཞིན་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་སྤྲོད་དགོས་མིན་ལོ་རེ་བཞིན་དུ་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་ཞེས་ཐག་བཅད། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཕལ་མོ་ཆེས་ཧོང་ཀོང་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རང་སྐྱོང་གི་ཐོབ་ཐང་ཞིག་ཡོད་པ་རང་སོར་འཇོག་རྒྱུ་གནད་འགག་ཆེན་པོ་འདུག ཧོང་ཀོང་གི་དམིགས་བསལ་གནས་བབ་དང་རང་སྐྱོང་གི་ཐོབ་ཐང་རྣམས་མེད་པར་བཏང་ན་ཧོང་ཀོང་དང་རྒྱ་ནག་གཉིས་ཀར་གྱོང་གུད་ཆེན་པོ་འཕོག་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཞིང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཧོང་ཀོང་དབུས་གཞུང་གི་སྟངས་འཛིན་འོག་ཏུ་བསྡུ་རྒྱུ་ཁོ་ནར་ཤུགས་སྣོན་བརྒྱབ་སྟེ་ཕུགས་རྒྱང་རིང་པོ་དང་ཕྱོགས་ཡོངས་ལ་བསམ་བློ་གཏོང་གི་མི་འདུག་ཅེས་ཉམས་ཞིབ་པ་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།