ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

 ཨ་རིས་རྒྱ་ནག་གི་ལས་སྣེ་ཚོར་ཐོངས་མཆན་སྤྲོད་རྒྱུ་སྔར་ལས་ཇེ་དམ། 


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱི་མཐའ་མཇུག་གི་ལས་དུས་ཟླ་བ་གཅིག་གི་རིང་འདིར་ཨ་མི་རི་ཀས་སླར་ཡང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏོང་རྒྱུའི་གནས་ཚུལ་ཐོན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའི་ཡིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་གྲངས་ཉུང་མི་རིགས་ལ་གཉའ་གནོན། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་གནོན་སྡོམ་གྱི་ལས་དོན་ཁག་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་སྔར་ལས་ཇེ་དམ་དུ་གཏོང་དགོས་པའི་ཐག་གཅོད་བྱས་པ་ཡིན། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འོག་ཏུ་རྒྱ་ནག་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་རང་དབང་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཁག་ལ་རྡོག་བརྫིས་ཚབས་ཆེན་ཞིག་གཏོང་གི་འདུག འགྲོ་བ་མིའི་ཐོབ་ཐང་དེ་རྣམས་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཨ་མི་རི་ཀར་ཡོང་ན་དགའ་བསུ་མེད་པའི་གོ་བརྡ་གསལ་པོ་ཞིག་འཕྲོད་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཚོང་ལས་དང་ཏོག་དབྱིབས་རིམས་ནད་ཁྱབ་གདལ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་དང་ཞིན་ཅང་གི་ཡུ་གུར་བ་རྣམས་བཀག་ཉར་ཁང་དུ་བཙོན་འཇུག རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་ལག་ལེན་བསྟར་པ། རྒྱ་ནག་གིས་ཨ་མི་རི་ཀར་གསང་ཉུལ་སྟོང་ཕྲག་མང་པོ་བཏང་ནས་ཨ་མི་རི་ཀའི་དམག་དོན་དང་ཚོང་དོན། ཚན་རིག་དང་འཕྲུལ་རིག་ལག་རྩལ་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཆེས་ཐབས་རྡུགས་ཀྱི་གནས་སུ་ལྷུག་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་༢༠༢༠།༡༢།༩ ཉིན་ཇོར་ཇི་ཡའི་སློབ་ཆེན་ཞིག་ཏུ་གཏམ་བཤད་གནང་བ།
ཨ་རིའི་ཕྱི་སྲིད་དྲུང་ཆེས་༢༠༢༠།༡༢།༩ ཉིན་ཇོར་ཇི་ཡའི་སློབ་ཆེན་ཞིག་ཏུ་གཏམ་བཤད་གནང་བ།

ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་མི་རི་ཀས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་བོད་དང་ཞིན་ཅང་གི་ཡུ་གུར་བ་ཚོར་གཉའ་གནོན་དང་དམ་དྲག་བྱེད་ཀྱི་ཡོད་པ། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་བ་ཁོ་ན་མིན། རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་ལས་སྣེ་དེ་དག་གི་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་དང་ཨ་རིའི་ས་ཐོག་ཏུ་ས་ཁང་ཉོ་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད། ཨ་མི་རི་ཀས་གལ་གནད་ཆེན་པོར་རྩི་བཞིན་པའི་རྩ་དོན་ཁག་ལ་རྒྱབ་འགལ་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་དོ་ཅོག་ལ་སྲིད་ཇུས་འདི་གཅིག་མཚུངས་སུ་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཐོངས་མཆན་བཀག་སྡོམ་གྱི་ཐོ་གཞུང་དེར་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་སུ་སུ་ཚུད་ཡོད་མེད་གསལ་པོ་ཞིག་མ་བཤད། ཡིན་ནའང་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་དང་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཝང་ཁྲེན་སོགས་ཚུད་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སོགས་སུ་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་༡༡་པ་དང་ཡབ་ཡུམ་སྐུ་འཁོར་རྣམས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ། ཡུ་གུར་བའི་སློབ་དཔོན་ཆེན་མོ་ཨིལ་ཧམ་དཱོ་དི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ། ཧོང་ཀོང་གི་ཀུ་ཤུ་ཉིན་རེ་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་སོགས་བཙོན་འཇུག་བྱེད་ཡོད་པ་སོགས་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།།

ཁ་སང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེས་ཀྱང་ཨ་མི་རི་ཀར་རྒྱ་ནག་གི་ཉེན་ཁ་འབྱུང་རྒྱུ་ཤུགས་ཇེ་ཆེ་རེད། དེས་ན་ཨ་མི་རི་ཀས་རྒྱ་ནག་ལ་སྔར་ལས་ལྷག་པའི་དམ་དྲག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཟླ་བ་འདིར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་སོགས་ལ་ཟླ་བ་གཅིག་གི་ཐོངས་མཆན་སྤྲོད་རྒྱུ། ཐོངས་མཆན་དེ་འགྲོ་འོང་ཐེངས་གཅིག་ལས་བྱེད་མི་ཆོག་པའི་ཐག་བཅད་འདུག ང་ཚོས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཐོངས་མཆན་སྤྲོད་རྒྱུ་སྔར་ལས་ཇེ་དམ་དུ་གཏོང་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་ཅེས་བསྒྲགས། ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་ཝུལ་ཧྥུས་གཟའ་འཁོར་འདིར་རྒྱལ་ས་ཝ་ཤིང་ཊོན་གྱི་ཤུལ་བཞག་ཐེབས་རྩ་ཁང་ལ་གཏམ་བཤད་བྱས་པའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཐོངས་མཆན་སྤྲོད་རྒྱུ་སྔར་ལས་ཇེ་དམ་གཏོང་དགོས། རྒྱ་ནག་གཞུང་གིས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་གློག་ཆས་དང་བརྙན་འཕྲིན་སོགས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པར་བསྐྱར་ཞིབ་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་གཙོས་དངོས་ཟོག་མང་པོ་ཞིག་བཀག་སྡོམ་བྱ་དགོས་པའི་ཐོ་འགོད་ཞིབ་ཚགས་ཤིག་བཀོད་ནས་མྱུར་དུ་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད། རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེའི་གཏམ་བཤད་འདིས་སྲིད་འཛིན་ཊམ་འཕོ་འགྱུར་མ་སོང་གོང་། ཨ་མི་རི་ཀས་ཞིན་ཅང་གི་སྲིང་བལ་དང་སྒོང་ལྡུམ། རས་ཆ་སོགས་ཐོན་སྐྱེད་སྣ་མང་ཞིག་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པའི་ཐག་གཅོད་བྱས་པ་རྣམས་ལག་ལེན་རྒྱུའི་སྔོན་བརྡ་ཡིན་འདུག

ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གིས་གང་མགྱོགས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཊི་སི་ཨེལ་བརྙན་འཕྲིན་དང་དེའི་ཡོ་ཆས་རྣམས་ནང་འདྲེན་བྱེད་མི་ཆོག་པའི་བརྡ་ཐོ་གསལ་པོ་ཞིག་འགྲེམ་སྤེལ་བྱ་འཆར་ཡོད་པ་སྟེ། རྒྱ་ནག་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་ཝུལ་ཧྥུས་རྒྱ་ནག་གི་ཊི་སི་ཨེལ་བརྙན་འཕྲིན་ནི་འཛམ་གླིང་གི་བརྙན་འཕྲིན་བཟོ་ཚོང་ཁང་ཨང་གསུམ་པ་རེད། ད་ལོ་རྒྱ་ནག་གིས་བརྙན་འཕྲིན་བཟོ་ཚོང་ཁང་དེའི་གློག་ཆས་ནང་དུ་མི་སྒེར་གྱི་གསང་བའི་གནས་ཚུལ་བསྡུ་ལེན་བྱེད་ཐུབ་པའི་ཡོ་བྱད་ཅིག་བཅུག་འདུག ཨ་མི་རི་ཀས་༢༠༡༧་ལོར་གཏན་འབེབས་བྱས་པའི་བདེ་འཇགས་འཐབ་ཇུས་ཀྱི་དགོངས་དོན་དང་༢༠༢༠་ལོའི་ཨ་རིས་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་ཀྱི་དགོངས་དོན་ལྟར་རྒྱ་ནག་ལ་ཁ་གཏད་ནུས་པ་ཐོན་པ་ཞིག་གཅོག་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེས་རང་གི་གཏམ་བཤད་དེའི་ནང་དོན་བྱེ་བྲག་པ་རེ་རེ་བཞིན་གསལ་བཀྲོལ་བྱས་མེད་ཅིང་། ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༨་ཀྱི་ཐོ་གཞུང་ཞིག་བཀྲམ། ཨ་རིའི་ཚོང་དོན་ལྷན་ཁང་གི་ཐོ་གཞུང་དུ་འཁོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་ཡོ་བྱད་རྣམས་ཕྱིར་ཚོང་བྱེད་མི་ཆོག་ཅེས་བསྒྲགས། རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༨་ཀྱིས་ཨ་མི་རི་ཀ་ནས་འཕྲུལ་རིག་ལག་རྩལ་དང་ཡོ་བྱད་རྣམས་ནང་འདྲེན་བྱས་ནས་དམག་དོན་ལ་བཀོལ་སྤྱོད་བྱེད་ཀྱི་འདུག བཟོ་ཚོང་ལས་ཁང་དེ་དག་གི་གྲས་སུ་རྒྱ་ནག་གི་གཞུང་གཉེར་འཕུར་སྐྱོད་ལས་རིགས་ཞིབ་འཇུག་ཁང་དང་དམག་གི་གནམ་གྲུ་བཟོ་སྐྲུན་ཞིབ་འཇུག་ཁང་ཡོད་པར་མ་ཟད། རྒྱ་ནག་གི་དམག་དོན་གནམ་གྲུ་བཟོ་སྐྲུན་ཞིབ་འཇུག་ཁང་གིས་ཨ་རིའི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་བྷོ་དབྱིང་དང་ཡུ་རོབ་མཉམ་འབྲེལ་གྱི་ཨེར་བྷ་སི་ལྟ་བུའི་འགྲུལ་སྐྱེལ་གནམ་གྲུ་ཆེ་ཁག་བཟོ་ཐབས་བྱེད་བཞིན་འདུག་ཅེས་བསྟན།།

ཨ་རིའི་ཚོང་དོན་དྲུང་ཆེ་ཝིལ་བྷར་རོ་སིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༨་དངོས་སུ་མིང་འདོན་བྱས་ནས་ཚོང་ལས་འགོག་གི་ཡོད་པ་ནི་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་ཡོ་བྱད་རྣམས་རྒྱ་ནག་གི་དམག་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་འགོག་ཐབས་ཤིག་ཡིན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འཛམ་གླིང་ཡོངས་སུ་ཁྱབ་པའི་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་བཙུགས་ནས་ཤུགས་རྐྱེན་ཐེབས་ཐབས་སམ། ཡང་ན་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཆེས་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་རྣམས་འཐོབ་ཐབས་བྱས་ནས་རྒྱ་ནག་དང་ཨུ་རུ་སུའི་དམག་དོན་ལ་བཀོལ་སྤྱོད་བྱེད་ཀྱི་འདུག་ཅེས་བསྟན། ཨ་རིའི་ཚོང་དོན་ལྷན་ཁང་གིས་མིང་འདོན་བྱས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་གྲས་སུ་འཕུར་སྐྱོད་ལས་རིགས་ཞིབ་འཇུག་ཁང་དང་གནམ་གྲུ་བཟོ་སྐྲུན་ཞིབ་འཇུག་ཁང་འབའ་ཞིག་མིན་པར་སྨན་སྦྱོར་བཟོ་ཚོང་ཁང་དང་དུག་རྫས་ཀྱི་གནོད་ཤུགས་ཞིབ་འཇུག རྒྱ་མཚོའི་པར་ལེན་ལས་རིགས། རྒྱ་ནག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་རྫས་ཤུགས་ཐོན་ཁུངས་ཞིབ་འཇུག་ཁང་བཅས་འདུས། ཨ་རིའི་ཚོང་དོན་དྲུང་ཆེས་ང་ཚོས་ཚོང་ལས་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༨་ཁོ་ན་མིན། ད་དུང་ཡང་ཐོ་གཞུང་འདིར་རྒྱ་ནག་གི་བཟོ་ཚོང་ལས་ཁང་མང་ཙམ་འགོད་སྲིད་ཅེས་བཤད། ཉེ་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལའང་ཞིབ་འཇུག་བྱ་དགོས། རྒྱ་ནག་བཟོ་ཚོང་ལས་ཁང་དེ་དག་གི་འགན་འཛིན་ལྷན་ཚོགས་ཀྱི་གྲས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་མེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་མ་རྩ་རྣམས་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་མེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ལ་འབྲེལ་བ་ཡོད་མེད། བཟོ་ཚོང་ལས་ཁང་དེ་དག་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བའི་རྒྱ་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱ་དགོས། རྒྱ་ནག་གི་ཏང་སྲིད་དམག་ལ་འབྲེལ་བ་ཡོད་པའི་སྤྱི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་མ་རྐང་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་ཐག་བཅད་འདུག

XS
SM
MD
LG