ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་རེད་ཟེར་དགོས་ཞེས་ནན་སྐུལ།


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་སྔ་ལོ་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་མིན། ཨ་མི་རི་ཀའི་དམག་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་ཡོད་པའི་དོགས་པ་ཡོད་ཟེར་པ་དང་། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་བྱང་ཕྱོགས་སུ་སྔ་ལོའི་ཕྱི་ཟླ་༡༡་པ་ནས་ཏོག་དབྱིབས་རིམས་ནད་ལྟ་བུའི་གློ་ཚད་ཅིག་ཁྱབ་གདལ་ཕྱིན་འདུག ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ནི་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་ཡིན་སྲིད་ཅེས་དོན་དངོས་ལ་སྙོན་འཛུགས་བྱེད་ཀྱི་ཡོད་ཅིང་། དེ་རིང་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཨ་མི་རི་ཀའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་ཏོག་དབྱིབས་ནད་དུག་འདིའི་འབྱུང་ཁུངས་རྒྱ་ནག་ཡིན་པ་ལྟར་རྒྱལ་ཚོགས་ཀྱིས་ཀྱང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་རེད་ཟེར་དགོས་ཞེས་ནན་སྐུལ་བྱས་ཡོད་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཕྱི་འབྲེལ་མི་སྣ་བཞིས་ཨ་རིའི་ཨེན་བྷི་སི་གསར་འགྱུར་ལས་ཁང་ལ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་ཐག་གཅོད་ཐོག་ཏུ་རྩོད་པ་ཆེན་པོ་བྱུང་གི་འདུག ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་གོ་ལའི་ཁྱོན་འདིར་ཉེན་ཚབས་ཆེ་བའི་རིམས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་བཀག་སྡོམ་གྱི་གྲོས་མོལ་བྱེད་པའི་རྒྱུད་རིམ་ཁག་ཀྱང་འགག་གི་འདུག་ཅེས་བཤད་ཡོད་པ་རེད།།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ཏོག་དབྱིབས་རིམས་ནད་ལ་ངོས་འཛིན་ཇི་ལྟར་བྱ་དགོས་མིན་གྱི་ཐུན་མོང་སྤྱི་བསྒྲགས་ཤིག་སྤེལ་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྒྱ་ནག་རེད། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་དང་ནད་དུག་ཁྱབ་གདལ་གྱི་དུས་ཚོད་བཅས་པ་སྤྱི་བསྒྲགས་ནང་དུ་གསལ་པོར་འགོད་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། མཉམ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་ཀྱིས་དེ་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་བཀག་སྡོམ་བྱས་པའི་གྲུབ་འབྲས་དང་བྱས་རྗེས་སོགས་ལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་སྤྱི་བསྒྲགས་ནང་དུ་བསྔགས་བརྗོད་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་རྩོད་པ་འདི་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་སྐྱོན་འཛུགས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་མཚམས་སུ་བྱུང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་ཡུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་འདི་ཁྱབ་པ་རེད་ཅེས་རྒྱ་ནག་ལ་ལན་ཁག་དཀྲིས་ནས་ྐྱོན་བརྗོད་ལན་མང་བྱས་ཡོད་པ་རེད།།

གསར་འགོད་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནད་དང་རྒྱ་ནག་གི་ནད་དུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་གྱི་ཡོད་པ་ནི་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་བྱས་པ་ཞིག་རེདསྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲིན་ཐུང་སྤེལ་བ་དེ་དག་ལ་བརྟེན་ནས་ཨ་རིའི་སྤྱི་ཚོགས་སུ་ཨེ་ཤི་ཡའི་ཨ་མི་རི་ཀ་བ་ཚོར་སྡང་ཟུག་དང་རྡུང་རྡེག་འཕོག་གི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནད་དང་རྒྱ་ནག་གི་ནད་དུག་ཟེར་པ་དེར་མཇུག་འབྲས་ངན་པ་ཞིག་སྨིན་འདུག་ཅེས་སྐྱོན་བརྗོད་བྱས་པར་བརྟེན། གཟའ་འཁོར་འདི་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁོ་ཚོའི་ནོར་འཁྲུལ་མ་རེད། ངས་སྔར་བཞིན་རྒྱ་ནད་ཟེར་རྒྱུ་མིནམི་ཀུན་གྱིས་རིམས་ནད་དེ་རྒྱ་ནག་ནས་ཁྱབ་ཡོད་པ་ཤེས་གསལ་རེད། ང་ཚོས་སྔར་བཞིན་གནད་དོན་འདི་ཚབས་ཆེན་ཞིག་ལ་བསྒྱུར་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་གཟའ་མིག་དམར་ཉིན་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཡིན་ནའང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཙོས་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཚོས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་སྟེ་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། ཏོག་དབྱིབས་ནད་དུག་འདིར་ཝུ་ཧན་ནད་དུག དཀའ་ངལ་འདི་རྒྱ་ནག་ནས་འགོ་ཚུགས་པ་རེད་ཅེས་གླེང་སློང་བྱ་རྒྱུ་མཚམས་བཞག་མེད་པ་སྟེདཔེར་ན་འཇར་མན་གྱི་གསར་འགྱུར་ལས་ཁང་ཞིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་འགོ་ཁྲིད་རྣམ་པའི་སྤྱི་བསྒྲགས་སུ་ཝུ་ཧན་ནད་དུག་ཅེས་འགོད་དགོས་པའི་ཤུགས་སྣོན་བརྒྱབ་ཡོད་ལུགས་ཀྱི་གསར་འགྱུར་སྤེལ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེས་གནས་ཚུལ་དེ་བདེན་པ་མ་རེད་ཅེས་དགག་པ་བརྒྱབ་མེད་པ་རེད

ཉེ་ཆར་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཨེ་སི་ཊོ་ཎི་ཡ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་རེས་མོས་ཚོགས་འཐུས་སུ་གྱུར་ཏེ་ཏོག་དབྱིབས་ནད་དུག་གི་ཐད་དུ་སྤྱི་བསྒྲགས་ཤིག་སྤེལ་རྒྱུའི་ཟིན་བྲིས་འདེབས་འགོ་ཚུགས། དེ་ནས་ཨ་རིའི་གཞུང་གིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་སྤྱི་བསྒྲགས་སུ་རྒྱ་ནག་ནི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཡིན་ཞེས་འགོད་དགོས་པའི་ཤུགས་སྣོན་རྒྱག་མགོ་བརྩམས། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཅེས་ཚོགས་སྡེ་ཞིག་ལོགས་སུ་ཡོད་ཀྱང་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ནད་དུག་འབྱུང་ཁུངས་བརྩད་ནས་རྒྱལ་སྤྱིའི་དཀའ་ངལ་ལ་གདོང་ལེན་བྱེད་པར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་མེད་པ་དང་རིམས་ནད་སྔོན་འགོག་གི་ལས་དོན་ལ་འགོག་རྐྱེན་རྒྱག་གི་འདུག་ཅེས་ཉེན་བརྡ་བཏང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་ཧྥ་རན་སིའི་སྐུ་ཚབ་ཀྱིས་རྒྱལ་ཁབ་ཀུན་པོས་རྩོད་རྙོག་ཐམས་ཅད་འཕྲལ་དུ་མཚམས་འཇོག་བྱ་དགོས། ཉི་མ་༣༠་ཐམ་པར་མི་ཆོས་རིང་ལུགས་ཀྱི་ལས་དོན་བསྒྲུབ་པར་རིམས་ནད་སྔོན་འགོག་ལ་མཁོ་བའི་ཡོ་བྱད་རྣམས་སྐྱེལ་འདྲེན་བྱེད་དུ་འཇུག་དགོས་ཞེས་སྤྱི་བསྒྲགས་ཀྱི་ཟིན་བྲིས་སུ་འགོད་དགོས་པའི་དགོས་འདུན་བཏོན། ཨ་རི་མི་རི་ཀས་སྤྱི་བསྒྲགས་ཟིན་བྲིས་ཡོད་ཚད་ཀྱི་ནང་དུ་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་ཡིན་ཞེས་འགོད་པའི་ལངས་ཕྱོགས་བཟུང་ཡོད་པ་འདོར་གྱི་མེད་པ་རེད།།

ཨ་མི་རི་ཀས་བཏོན་པའི་ཟིན་བྲིས་གཞན་ཞིག་ཏུ་༢༠༡༡་ལོར་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་ནས་ཁྱབ་པའི་གློ་ཚད་ཀྱི་ཉམས་མྱོང་ལ་གཞིགས་པའི་སློབ་གསོ་ཐོབ་པ་ཞེས་བཀོད། དེར་བརྟེན་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་འཐུས་མིའི་ཆོད་སློག་གིདབང་ཚད་ཡོད་པ་ལག་ལེན་བསྟར་ནས་ཨ་མི་རི་ཀས་བཀོད་པའི་རྗོད་ཚིག་དེ་རྣམས་འགན་འཁྲི་མི་ལེན་པའི་བྱ་སྤྱོད་ཅིག་རེད། ཨ་མི་རི་ཀས་རྗོད་ཚིག་དེ་འདྲ་ཞིག་བཀོད་ཡོད་པ་ནི་ཐ་ཤལ་ཞིག་རེད། ཁོ་ཚོས་གོ་སྐབས་བཟུང་ནས་ཏོག་དབྱིབས་རིམས་ནད་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བསྒྱུར་ཏེ་རྒྱ་ནག་ལ་ལན་ཁག་དཀྲི་བཞིན་པར་ང་ཚོ་ཡ་མཚན་སོང་། ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཨ་མི་རི་ཀས་ངན་སེམས་འཆང་ནས་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་ངན་ཁག་འགེབས་ཐབས་སུ་རྒྱ་ནག་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད་ཅེས་དགག་པ་བརྒྱབ་སྟེ་༢༠༡༡་ལོའི་གློ་ཚད་ནད་ཡམས་སམཡང་ན་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་རེད་ཅེས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་སྤྱི་བསྒྲགས་སུ་འབྲི་འགོད་བྱེད་དུ་འཇུག་གི་མེད་པ་ཨ་རིའི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་ཤེས་རྟོགས་བྱུང་འདུག

མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་རྒྱུན་བཞུགས་སྐུ་ཚབ་ཚོས་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡི་ལམ་སྟོན་ལྟར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པས་ཨ་རིའི་སྐུ་ཚབ་ཚོར་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་ཟིན་བྲིས་དེར་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་རེད་ཅེས་འགོད་ཐབས་བྱ་དགོས་པའི་བཀོད་འདོམས་བྱས་སོང་ཞེས་བཤད། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་རྗོད་ཚིག་དེ་འདྲ་ཞིག་འགོད་ཐབས་བྱེད་ཀྱི་ཡོད་པ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཛམ་གླིང་གི་མཁས་པ་ཚོར་ཏོག་དབྱིབས་ནད་དུག་ལ་ངེས་ཤེས་ཡང་དག་པ་ཞིག་རྙེད་དུ་འཇུག་ཐུབ་པའི་ཆེད་དུ་ཡིན། ང་ཚོའི་དམིགས་ཡུལ་ནི་གཞི་འཛིན་གྲངས་ཐོ་དང་གནས་ཚུལ། ནད་རྟགས་ཀྱི་དཔེ་མཚོན་རྣམས་བསྡུ་རུབ་བྱས་ནས་ནད་དུག་དེར་རིམ་འགྱུར་ཅི་ཞིག་བྱུང་ཡོད་མེད་དང་ནད་དུག་གི་འབྱུང་ཁུངས་བཅས་པ་ངོས་ཟིན་རྒྱུ། དེ་ནས་གོ་ལའི་ཁྱོན་དུ་ཁྱབ་བཞིན་པའི་རིམས་ནད་འདིར་འཐབ་རྒོལ་ནུས་པ་ཐོན་པ་ཞིག་བྱ་རྒྱུ་དང་མ་འོངས་པར་རིམས་ནད་ཁྱབ་གདལ་བྱུང་ན་འཐབ་རྒོལ་བྱེད་ཐུབ་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། རྒྱལ་ཁབ་མང་དག་ཅིག་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་རང་གི་ལངས་ཕྱོགས་མཁྲེགས་འཛིན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ད་ལྟ་འཛམ་གླིང་ཡོངས་སུ་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ོན་འདུག

XS
SM
MD
LG