ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཌོ་ནལ་ཊམ་གྱིས་ཕྱི་རྒྱལ་ལ་ནད་འགོག་རོགས་སྐྱོར་ཞུས།


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཕྱི་རྒྱལ་ལ་རོགས་སྐྱོར་ཞུནས་དགོས་མཁོ་བསྒྲུབ་རྒྱུ་མིན། ང་ཚོའི་འཚོ་གནས་ནི་ནམ་ཡང་ཕྱིའི་རྒྱལ་ཁབ་ཅིག་ལ་བརྟེན་རྒྱུ་མིན། ཨ་རིའི་རྒྱལ་ནང་གི་སྒེར་གཉེར་བཟོ་ཚོང་ལས་ཁག་ལ་བརྟེན་ནས་ཏོག་དབྱིབས་རིམས་ནད་བཀག་སྡོམ་གྱི་ཛ་དྲག་གི་ལས་དོན་སྒྲུབ་རྒྱུ་ཡིན། ཨ་མི་རི་ཀ་གཞན་ལ་སྐྱབས་བཅོལ་ཞུ་མཁན་ཞིག་ལ་གཏན་ནས་འགྱུར་མི་སྲིད་ཅེས་གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོར་ཁ་ཕོ་ཆེན་པོ་བཤད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྐོག་ཏུ་ེ་ཤི་ཡ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀར་འདང་ངེས་མེད་པའི་ཏོག་དབྱིབས་ནད་དུག་བརྟག་དཔྱད་འཕྲུལ་ཆས་དང་སྨན་བཅོས་ཀྱི་ཡོ་བྱད་རྣམས་རོགས་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོནདཔེར་ན་གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་ལ་ཁ་པར་བཏང་ནས་ཨ་མི་རི་ཀར་སྨན་བཅོས་ཀྱི་ཡོ་བྱད་མཁོ་གཏོང་བྱ་རྒྱུ་ཡོད་དམ་ཞེས་སྐད་ཆ་དྲིས་འདུག

ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་ཁ་པར་བཏང་བའི་གནས་ཚུལ་དེ་གླེང་སློང་བྱས་མེད་ཀྱང་ལྷོ་ཀོ་རི་ཡའི་གྱོ་ཐོག་སྔོན་པོའི་སྲིད་འཛིན་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཛ་དྲག་གི་སྒོ་ནས་ལྷོ་ཀོ་རི་ཡར་རེ་བ་ཞུས་ཡོད་ཅིང་། ལྷོ་ཀོ་རི་ཡའི་གཞུང་གིས་ཉིན་ལྟར་མི་མང་ཁྲི་ཚོ་མང་པོར་བརྟག་དཔྱད་བྱས་ནས་གཟའ་འཁོར་གཉིས་ཡས་མས་ཤིག་གི་ནང་དུ་ཏོག་དབྱིབས་ནད་དུག་ཀྱི་མགོ་བཅོམ་ཐུབ་ཡོད་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྔགས་པ་བརྗོད། སྲིད་འཛིན་མུ་ཅེ་དབྱིན་གྱིས་ལྷོ་ཀོ་རི་ཡར་སྨན་བཅོས་ཀྱི་ཡོ་བྱད་ལྷག་མ་ཡོད་ན་འཕྲལ་དུ་ཨ་མི་རི་ཀར་ཕྱིར་ཚོང་བྱ་དགོས་པའི་བཀོད་ཁྱབ་བཏང་ནས་ཨ་མི་རི་ཀར་རྒྱབ་སྐྱོར་བྱེད་ཆོག་ཅེས་ལན་འདེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་སྲིད་དུས་དེབ་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགོ་ཁྲིད་ཨང་གསུམ་པ་ཌེ་ཝྭི་ཌི་ཧེལ་གྱིས་ཀྱང་ཡུ་རོབ་དང་ཡུ་རེ་ཤི་ཡའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལས་ཁང་ཁག་ལ་གློག་འཕྲིན་བཏང་སྟེ། ཨ་མི་རི་ཀར་མཁོ་ངེས་སུ་གྱུར་པའི་དབུགས་གཏོང་འཕྲུལ་ཆས་སོགས་སྨན་བཅོས་ཀྱི་ཡོ་བྱད་སྤུས་དག་ས་ཡ་མང་པོ་བཙོང་རྒྱུ་ཡོད་དམ་ཞེས་སྐད་ཆ་དྲིས་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབོད་སྐུལ་གློག་འཕྲིན་དེ་ཨུ་རུ་སུའི་གཞུང་ཚབ་ཁང་ལ་བཏང་མེད་ཀྱང་དེའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུས། འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་ཞིག་གིས་ཏོག་དབྱིབས་ནད་དུག་འཇོམས་པའི་སྨན་ཁབ་ཅིག་གསར་བཟོ་བྱེད་ཟིན་པ་ཨ་མི་རི་ཀས་ཁེར་བདག་བྱེད་པར་ཉོ་རྩིས་བྱས་ཀྱང་ཕྱི་ཟླ་༣་པའི་ཚེས་༡༥་ཉིན་འཇར་མན་གཞུང་གིས་བར་འགོག་བྱས་འདུག ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་འཇར་མན་ཎི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་། དེང་སྐབས་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་སྔར་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲི་དང་ལངས་ཕྱོགས་གཅིག་གྱུར། ཛ་དྲག་གི་དུས་སུ་དཔུང་པ་མཉམ་གཤིབ་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་མེད་པ་རེད།

གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡས་དུས་ཡུན་བདུ་ཕྲག་བརྒྱད་ཀྱི་རིང་དུ་མི་མང་ལནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཐུབ་མེད་པ་ཞིག་ཨ་མི་རི་ཀས་ཉི་མ་བརྒྱད་ཀྱི་ནང་དུ་བྱས་ཡོད་ཅེས་བཤད། བདུན་ཕྲག་སྔོན་མ་བར་དུ་ལྷོ་ཀོ་རི་ཡས་མི་༢༧༠༠༠༠་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཀྱང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་བཟུང་སྟེ་མི་༢༦༦༠༠༠་ལ་མ་གཏོགས་བརྟག་དཔྱད་བྱེད་ཐུབ་མེད་ཅིང་། ལྷོ་ཀོ་རི་ཡའི་མི་འབོར་ལ་ཆ་མཉམ་བྱས་ན་མི་༡༩༠་ཐམ་པ་རེའི་ནང་གི་མི་རེར་བརྟག་དཔྱད་བྱས་ཐུབ་ཡོད་འདུག ཨ་མི་རི་ཀའི་མི་འབོར་ལ་ཆ་མཉམ་བྱས་ན་འདས་པའི་ཉི་མ་༨་ཀྱི་རིང་དུ་མི་༡༢༣༠་རེའི་ནང་གི་མི་རེར་མ་གཏོགས་བརྟག་དཔྱད་བྱེད་ཐུབ་མེད། ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་མ་ཐག་ཏུ་མི་ལ་བརྟག་དཔྱད་བྱས་ནས་རིམས་ནད་སྔོན་འགོག་བྱས་ཐུབ་ཡོད་ཀྱང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཟླ་བ་གཉིས་ལྷག་གི་རྗེས་སུ་མ་གཏོགས་བརྟག་དཔྱད་གཞི་རྒྱ་ཆེན་པོ་ཞིག་བྱས་ཐུབ་མེད་པ་རེད།

ཨ་མི་རི་ཀར་བརྟག་དཔྱད་དང་སྨན་བཅོས་ཀྱི་མཁོ་ངེས་ཡོ་བྱད་འདང་ངེས་ཤིག་མེད་པར་མི་གྲངས་འབུམ་ཕྲག་མང་པོར་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པར་བརྟེན། ཨ་མི་རི་ཀས་སྨན་ཁང་དུ་ཚུད་པའི་ནད་པ་ཚོར་མ་གཏོགས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་སྟེ། ཕྱི་ཟླ་༣་པའི་ཚེས་༡༨་ཉིན་རྒྱལ་སྲུང་གཅིག་ཟེར་པའི་གསར་འགྱུར་དྲྭ་ལམ་དུ་ཨ་མི་རི་ཀའི་གནམ་དམག་གིས་ཕྱིར་བསྒྲགས་མ་བྱས་པར་ཨི་ཊི་ལི་ནས་ཨ་རིའི་མེམ་ཧྥི་ལི་ལ་སྣ་བརྟག་སྲིན་བལ་ཐུར་མ་ས་ཡ་ཕྱེད་ཀ་སྐྱེལ་འདྲེན་བྱས་ནས་ཨ་རིའི་རྒྱལ་ཡོངས་སུ་བཀྲམ་པའི་གནས་ཚུལ་སྤེལ། ༢༠༡༧་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་མང་བ་གཏོང་དགོས། ཁོ་ཚོས་དམག་དོན་འགྲོ་གྲོན་མང་དུ་མ་བཏང་ན་ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མི་ཐུབ་ཅེས་སྡིགས་སྐུལ་བྱས་ནས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་། ད་དུང་ལྷོ་ཀོ་རི་ཡའི་གཞུང་ལའང་རྒྱལ་ཁབ་དེའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་༥༠་རེ་འགྲོ་གྲོན་གཏོང་དགོས། ལྷོ་ཀོ་རི་ཡའི་གཞུང་གིས་དམག་དོན་འགྲོ་གྲོན་མ་བཏང་ན་ཨ་རིའི་དམག་སྒར་ཁག་ཏུ་ལྷོ་ཀོ་རི་ཡའི་ལས་མི་སྟོང་ཕྲག་མང་པོར་ལས་ཀ་ཐོབ་ཡོད་པ་རྣམས་མེད་པར་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ནས་ཨ་རི་དང་ལྷོ་ཀོ་རི་ཡའི་འབྲེལ་བའང་སྡུག་ཏུ་སོང་འདུག

ཨ་རིའི་ཕྱི་སྲིད་ཉམས་ཞིབ་ཁང་གི་ཨེ་ཤི་ཡའི་ཞིབ་འཇུག་སྡེ་ཚན་གྱི་ལས་སྣེ་ཧུ་པར་ཞེས་པ་ཞིག་གིས་ཨ་མི་རི་ཀས་ཨ་སྒོར་དུང་ཕྱུར་༥༠་ཐམ་པའི་དོན་དུ་རང་གི་བློས་ཐུབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ལ་གནོན་བཙིར་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མ་རེད། ཨ་མི་རི་ཀས་ཕྱོགས་གཅིག་རྐྱང་པས་ཆ་རྐྱེན་བཏོན། ལྷོ་ཀོ་རི་ཡར་དམག་དོན་འགྲོ་གྲོན་གཏོང་དགོས་ཞེས་ཚོང་འདྲ་བོ་ཞིག་རྒྱག་གི་ཡོད་པར་མཇུག་འབྲས་བཟང་པོ་ཞིག་སྨིན་མི་སྲིད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཨ་མི་རི་ཀའི་སྨན་བཅོས་ཀྱི་ཡོ་བྱད་ཕལ་མོ་ཆེ་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀས་རྒྱ་ནག་ནས་ཁ་རས་ས་ཡ་འགའ་ཞིག་ནང་འདྲེན་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་འདིར་རྒྱ་ནད་ཅེས་འབོད་འགོ་ཚུགས་ནས་བཟུང་། རྒྱ་ནག་གིས་ཨ་མི་རི་ཀར་དགོས་ངེས་སུ་གྱུར་པའི་སྨན་བཅོས་ཀྱི་ཡོ་བྱད་རྣམས་ཕྱིར་ཚོང་བྱ་རྒྱུའི་གྲོས་མོལ་འགག ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་འཛམ་གླིང་ཡོངས་སུ་མཁའ་ལམ་སྐྱེལ་འདྲེན་འགགས་ཏེ་ཨ་མི་རི་ཀར་སྨན་བཅོས་ཀྱི་ཡོ་བྱད་རྣམས་ཕྱི་ལོགས་ནས་དུས་ཐོག་ཏུ་འབྱོར་ཐུབ་ཀྱི་མེད་པ་དང་། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་གྱི་སྔ་དྲོ་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༧༠༩་ལ་འཆི་སྐྱོན་དང་མི་༥༣༢༥༦་ལ་ནད་མནར། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འདིས་མི་༡༩༦༤༨་ལ་འཆི་སྐྱོན་དང་མི་༤༣༦༡༥༩་ལ་ནད་མནར་བྱུང་འདུག


XS
SM
MD
LG