ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་ལ་ཁ་རྡུང་གི་གྲོས་ཆོད་བཞག་པ། 


༄༅།། ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བར་དངོས་སུ་ཁ་རྡུང་གི་གྲོས་ཆོད་བཞག ཕྱི་ཟླ་༤་པའི་ཚེས་༡༩་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༤༡༨་ཀྱིས་རྒྱ་ནག་གཞུང་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གི་འབྲུ་དོན་ལྟར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་སྲིད་དོན་པ་རྣམས་འཛིན་བཟུང་། ཧོང་ཀོང་གི་རང་སྐྱོང་གནས་ཐོབ་མེད་པར་བཏང་སྟེ་མི་མང་ངོ་རྒོལ་བ་ཚོར་ཁྲིམས་གཅོད་དྲག་པོ་བྱེད་ཀྱི་ཡོད་པར་ཁ་རྡུང་དྲག་པོ་གཏོང་དགོས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། ཁན་ཊ་ཀི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཐོ་མ་སི་མཱེ་སི་གཅིག་པུས་རྒྱ་ནག་དང་ཧོང་ཀོང་ས་གནས་གཞུང་ལ་ཁ་རྡུང་གཏོང་དགོས་པའི་གྲོས་ཚོགས་གྲོས་གཞི་དེར་ངོ་རྒོལ་གྱི་འོས་ཤོག་འཕངས། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་གྲོས་ཆོད་འདི་བཞག་ནས་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་ལ་མངའ་ཁུལ་དེའི་མི་དམངས་ཀྱི་མངོན་འདོད་ལ་བརྩི་འཇོག་བྱ་དགོས། ཨ་རིའི་གྲོས་ཚོགས་འོག་མས་མུ་མཐུད་དུ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་དང་རང་ཉིད་བློས་བཏང་སྟེ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མཚོན་ཡོད་ཅེས་བསྒྲགས། ཨ་རིའི་གྲོས་ཚོགས་ཀྱིས་ཁ་རྡུང་གྲོས་ཆོད་མ་བཞག་པའི་ཉི་མ་གཉིས་གསུམ་ཞིག་གི་སྔོན་དེར་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་སོགས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཁག་ཅིག་ལ་ལོ་གཅིག་དང་ཕྱེད་ཀ་ནས་ཟླ་བ་༨་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད།།

ཝ་ཤིང་ཊོན་དུ་ཧོང་ཀོང་གི་དམངས་གཙོའི་ལྷན་ཚོགས་ཀྱིས་བསྡུ་སྐོང་བྱས་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀར་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཕྱོགས་སུ་ལང་དགོས་པའི་བཟང་སྤྱོད་ཀྱི་འགན་འཁྲི་ཡོད། ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་ནི་དུས་དང་རྣམ་པ་ཀུན་ཏུ་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པ་ཟུང་གི་རྩ་དོན་ཞིག་ཡིན། ཨ་མི་རི་ཀའི་གཞུང་གིས་རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཧོང་ཀོང་ལ་རྒྱབ་སྐྱོར་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞིང་། ཉེ་ཆར་ཨ་མི་རི་ཀ་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ་བཞིའི་འགོ་ཁྲིད་ཚོས་གྲོས་མོལ་བྱས་པའི་སྐབས་སུའང་གནད་དོན་དེར་གླེང་སློང་བྱས་ཡོད། ཨ་རིའི་གྲོས་ཚོགས་ཀྱིས་སྔར་བཞིན་ཁྲིམས་གཞི་གཏན་འབེབས་བྱས་ནས་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཧོང་ཀོང་དང་ཞིན་ཅང་གི་ཡུ་གུར་བ། བོད་དོན་བཅས་ལ་རྒྱབ་སྐྱོར་ནུས་པ་ལྡན་པ་ཞིག་བྱེད་ཐུབ་པའི་རྒྱབ་སྐྱོར་བྱ་འཆར་ཡོད་ཅེས་གཏམ་བཤད། དྲྭ་ལམ་གྱི་ལྷན་ཚོགས་དེར་བཙན་བྱོལ་དུ་འབྱོར་ཡོད་པའི་ཧོང་ཀོང་གི་སློབ་ཕྲུག་གི་འགོ་ཁྲིད་ཟུར་པ་ནེ་ནན་ལའོ་དང་ཨ་ལིཀ་སི་ཆའོ་སོགས་མཉམ་ཞུགས་བྱས་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ལོ་ན་༨༢་ལ་སོན་པའི་ཧོང་ཀོང་གི་དམངས་གཙོའི་ཡབ་ཆེན་མར་ཊིན་ལི་སོགས་ལ་ལག་ལེན་བསྟར་མི་དགོས་པའི་ཟླ་བ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་རྡོག་བརྫིས་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་མཚོན་ཐུབ་ཅེས་བཤད། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱི་གཏམ་བཤད་དེ་ཉིད་བསྐྱར་ཟློས་བྱས་འདུག

༤།༡༩་ཉིན་གྱི་དྲྭ་ལམ་གྱི་ལྷན་ཚོགས་དེར་བཙན་བྱོལ་དུ་འབྱོར་ཡོད་པའི་ཧོང་ཀོང་གི་སློབ་ཕྲུག་གི་འགོ་ཁྲིད་ཟུར་པ་ནེ་ནན་ལའོ་དང་ཨ་ལིཀ་སི་ཆའོ་སོགས་མཉམ་ཞུགས་བྱས་འདུག
༤།༡༩་ཉིན་གྱི་དྲྭ་ལམ་གྱི་ལྷན་ཚོགས་དེར་བཙན་བྱོལ་དུ་འབྱོར་ཡོད་པའི་ཧོང་ཀོང་གི་སློབ་ཕྲུག་གི་འགོ་ཁྲིད་ཟུར་པ་ནེ་ནན་ལའོ་དང་ཨ་ལིཀ་སི་ཆའོ་སོགས་མཉམ་ཞུགས་བྱས་འདུག

པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གི་རྣམ་པར་བརྫུས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རང་གི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཞེས་ཨ་རིའི་གྲོས་ཚོགས་ཀྱི་གྲོས་ཆོད་དེར་དགག་པ་བརྒྱབ། ༡༩༩༡་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐབས་སུ་ཚེ་སྲོག་ཤོར་པ་རྣམས་ལ་མྱ་ངན་ཞུ་ཞེས་འཁོད་པའི་འཕྲེད་དར་ཞིག་འཕྱར། ཁོང་གིས་ཧོང་ཀོང་གི་རྩ་དོན་ནི་སྒེར་གྱི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན། གལ་སྲིད་ང་ཚོས་ཚོང་ལས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མ་ཕོད་ན་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་ཆོག་པའི་བཟང་སྤྱོད་ཉམས་པ་རེད། དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་ཨ་མི་རི་ཀས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་གཏོང་དགོས་པའི་ཆ་རྐྱེན་མ་བཞག་པར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་བཅུག་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་བཅུག་ཀྱང་ང་ཚོར་ཅི་ཡང་ཐོབ་མེད། ༡༩༩༠་ལོར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མིན་པའི་ཁྱད་པར་ཨ་སྒོར་ཐེར་འབུམ་༥་ཡིན་རུང་ད་ལྟ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ནི་བདུན་ཕྲག་རེར་ཨ་སྒོར་ཐེར་འབུམ་ལྔ་ལྷག་བརྒལ་གྱི་འདུག ཧ་ཅང་ཕངས་པ་ཞིག་ལ་འདི་ནི་དངུལ་སྒོར་གྱི་གནད་དོན་ཁོ་ན་མིན་པར་འགྲོ་བ་མིའི་བདེ་རྩར་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད་ཅེས་སྡུག་སྐད་བརྒྱབ།།

ཧོང་ཀོང་གི་ཁྲིམས་ལུགས་མཁས་པ་ཤེ་རོན་ཧོམ་གྱིས་ཀྱང་གཟའ་ཟླ་བའི་ཉིན་འཚོགས་པའི་ཧོང་ཀོང་གི་དམངས་གཙོའི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱས་ཡོད་ཅིང་། ཁོང་གིས་ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་དོན་ཚོགས་པ་གཉིས་ཀས་མཉམ་འབྲེལ་གྲོས་ཆོད་བཞག་པ་དང་གསལ་བསྒྲགས་སྤེལ་བ་བཅས་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་གནད་དོན་ཞིག་གླེང་གི་མེད། ང་ཚོས་དེ་ལས་ལྷག་པའི་རྒྱལ་སྤྱིའི་ཐོག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་མཐོན་པོ་ཞིག་ཡོད་པར་བརྩི་འཇོག་བྱ་དགོས་ཟེར་གྱི་ཡོད་པ་དང་ང་ཚོས་དེའི་ཆེད་དུ་བགྲོ་གླེང་བྱེད་ཀྱི་ཡོད་པ་རྣམས་རྩ་དོན་ཞིག་རེད་ཅེས་བསྟན། ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཆོད་ནང་དུ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཧོང་ཀོང་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས། ཨ་མི་རི་ཀས་ཧོང་ཀོང་མི་དམངས་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཀོད། སྔ་ལོ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་བཙན་འཕྲོག་གི་ལས་དོན་ལ་འབྲེལ་བ་ཡོད་པའི་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་ས་ཐོག་ཏུ་ཚོང་ལས་གཉེར་མི་ཆོག་པ་དང་ཨ་མི་རི་ཀར་ཡོང་མི་ཆོག་པ། ཁོ་ཚོར་ཨ་རིའི་ས་ཐོག་ཏུ་མཁར་དངོས་སོགས་ན་བཙན་ཉར་བྱེད་ཆོག་ཅེས་ཁྲིམས་གཞི་དེར་མཚན་རྟགས་བཀོད་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་བསྒྱུར། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཁག་ཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་ད་དུང་ཁ་གྲག་གི་མེད་པའི་འཛམ་གླིང་གི་སྲིད་གཞུང་ཁག་དང་ཚོང་ལས་ཆེ་ཁག་གི་འགོ་ཁྲིད་ཚོས་གཟབ་ནན་བྱས་ནས་ལྟ་བཞིན་ཡོད་པའི་རེ་བ་ཡོད། པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་བ་ཚོར་གཉའ་གནོན་བྱེད་ཀྱི་ཡོད་པ་འདིར་འཛེམ་ཟོན་ཅི་ཡང་མི་འདུག འདི་ནི་རྒྱ་ནག་གིས་རྒྱལ་སྤྱིའི་གཞི་རྩའི་སྒྲིག་སྲོལ་ཁག་ལ་སྣང་ཆུང་གཏོང་གི་ཡོད་པ་གསལ་པོར་ར་འཕྲོད་ཅེས་བཤད།།

ཧོང་ཀོང་གི་གསར་འགོད་རང་དབང་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ས་གནས་གཞུང་གིས་༢༠༡༤་ནས་༢༠༢༠་བར་དུ་ཨ་སྒོར་ས་ཡ་༡༡་མ་ཟིན་ཙམ་ཞིག་འགྲོ་གྲོན་བཏང་ནས་མངའ་ཁུལ་དེའི་འགོ་ཁྲིད་ཚོ་དང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོ་ཐུག་འཕྲད་བྱས་ནས་གསོལ་སྟོན་བཤམས། ཨ་རིའི་གྲོས་ཚོགས་སུ་ཧོང་ཀོང་ས་གནས་གཞུང་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་རྒྱུ་འགོག་ཐབས། ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཁྲལ་ཆག་གི་ཚོང་ལས་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པར་བར་ཆད་མི་འབྱུང་བ། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཀྱི་གྲོས་ཆོད་འཇོག་རྒྱུ་འགོག་ཐབས། ཧོང་ཀོང་ས་གནས་གཞུང་གིས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དང་ལོ་སི་ཨན་ཇཱི་ལི་སི། ཆི་ཁ་གྷོ་གྲོང་ཁྱེར་བཅས་ལ་ལས་ཁུངས་བཙུགས་ནས་ཁྱོན་བསྡོམས་ཨ་སྒོར་ས་ཡ་༥༩་མ་ཟིན་ཙམ་ཞིག་འགྲོ་གྲོན་བཏང་སྟེ་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་ལས་སྣེ་ཚོ་བློ་འགུགས་ཀྱི་ལས་འགུལ་སྤེལ། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་ནས་རྒྱལ་ཁབ་གཞན་ལ་གཉན་གནོན་བྱེད་ཀྱི་ཡོད་པར་དགེ་མཚན་མེད། ཚོང་ལས་ཀྱི་འབྲེལ་བ་བཅད་ནས་འགོག་རྐྱེན་བསླངས་པ་སོགས་ཀྱིས་སུ་གཅིག་ལ་ཕན་ཐོགས་མི་འབྱུང་། འཛམ་གླིང་འདིར་དྲང་བདེན་དགོས་པ་ལས་གཉའ་གནོན་མི་དགོས། རྒྱལ་ཁབ་ཆེ་ཁག་གིས་ཆེན་པོའི་རང་ཚུགས་བཟུང་སྟེ་འགན་འཁྲི་མང་བ་ལེན་ཐུབ་ཀྱི་ཡོད་པ་སྟོན་དགོས་ཞེས་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་ལ་ཁ་རྡུང་གི་གྲོས་ཆོད་བཞག་པར་དགག་པ་བརྒྱབ་འདུག

XS
SM
MD
LG