ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཞིན་ཅང་གི་དངོས་ཟོག་འགོག་དགོས་པའི་ཁྲིམས་གཞི་གཏན་འབེབས། 


༄༅།། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་གི་འབྱུང་ཁུངས་ཞིན་ཅང་ཡིན་མིན། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་དུ་ཚུགས་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ཚོང་འབྲེལ་བཙུགས་ཡོད་མེད། གལ་སྲིད་ཚོང་འབྲེལ་བཙུགས་ཡོད་ན་དངོས་ཟོག་དེ་རྣམས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་མིན་རྣམས་གསལ་སྟོན་བྱ་དགོས་ཞེས་ཁྲིམས་གཞི་ཞིག་གཏན་འབེབས་བྱས་འདུག ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་བུད་མེད་ཅིག་གིས་ཁྲིམས་གཞི་འདིས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ཅིག་ལ་ཁེ་སང་ཉུང་དུ་སོང་སྟེ་གྱོང་གུད་འཕོག་སྲིད། ཡིན་ནའང་ཨ་མི་རི་ཀས་བྲན་གཡོག་ལམ་ལུགས་ཤིག་འགོག་ཐབས་སུ་ཁྲིམས་གཞི་འདི་གཏན་འབེབས་བྱས་པ་ཡིན་ཞེས་བཤད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༢༥༣་གྱིས་དངོས་ཟོག་གི་འབྱུང་ཁུངས་ཞིན་ཅང་ཡིན་མིན་གསལ་སྟོན་བྱ་དགོས་པའི་ཁྲིམས་གཞི་དེར་རྒྱབ་སྐྱོར་དང་འཐུས་མི་༡༦༣་གྱིས་ངོ་རྒོལ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༦་གིས་རང་གི་སྲིད་དོན་ཚོགས་པའི་ལངས་ཕྱོགས་ལ་རྒྱབ་འགལ་བྱས་ནས་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་འོས་འཕངས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས་པའམ། ཡང་ན་ཁྲིམས་གཞི་དེའི་བརྗོད་བྱ་ཁག་ལ་སྒྱུར་བཅོས་གཏོང་དགོས་ཞེས་དགོས་འདུན་བཏོན་ནས་རྒྱབ་སྐྱོར་བྱས་མེད་པ་རེད།།

ཨ་རིའི་རྒྱལ་ཡོངས་སུ་ངལ་རྩོལ་བཙན་བཀོལ་བྱས་པའི་དངོས་ཟོག་རྣམས་ཉོ་ཚོང་བྱ་རྒྱུ་ཁྲིམས་འགལ་ཡིན་པར་མ་ཟད། གྲོས་ཚོགས་འོག་མའི་ཁྲིམས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་བྱ་དགོས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱུང་ཚེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ཞིན་ཅང་གི་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་ལ་འབྲེལ་བ་ཡོད་མེད། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་གི་དངོས་ཟོག་རྣམས་ཨ་མི་རི་ཀར་ནང་འདྲེན་བྱས་ནས་ཁེ་སང་ཅི་ཙམ་ལེན་གྱི་ཡོད་མེད། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་དང་ཁ་ཆེ་ཚོས་གདུག་རྩུབ་ཅི་ཙམ་མྱོང་གི་ཡོད་མེད་རྣམས་ཨ་རིའི་མི་དམངས་ཀྱི་མདུན་དུ་ཐེར་འདོན་བྱེད་ཐུབ། ཨ་རིའི་མི་དམངས་ཀྱིས་ཁྲིམས་འགལ་གྱི་ཚོང་ལས་དེ་རྣམས་ཐེར་འདོན་བྱེད་ན་ཞིན་ཅང་གི་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་ལ་ཚོང་འབྲེལ་བཙུགས་ཡོད་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་དངོས་ཟོག་རྣམས་མང་ཚོགས་ཀྱིས་ཉོ་མཚམས་བཞག་ནས་གནོན་ཤུགས་ཐེབས་ཐུབ་ཅེས་རྒྱུ་མཚན་བགྲངས། ད་ལྟ་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་བྱུང་བའི་དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་བྱ་དགོས་པའི་ཁྲིམས་གཞི་དེར་གྲོས་ཚོགས་གོང་མས་རྒྱབ་སྐྱོར་ཡོད་མེད་ཐག་གཅོད་བྱ་དགོས་ཤིང་། ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ན་ཕྱི་ཟླ་དང་པོའི་སྔོན་ལ་ཕོ་བྲང་དཀར་པོར་ཕུལ་ཏེ་སྲིད་འཛིན་ལ་གྲོས་ཚོགས་གོང་འོག་གི་ཁྲིམས་གཞི་དེར་མོས་མཐུན་ཡོད་མེད་མཚན་རྟགས་འགོད་དུ་འཇུག་དགོས་པ་རེད།།

རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དང་བཀག་ཉར་ཁང་ཟེར་པ་ཞིག་མེད། ཕྱིའི་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་ཁང་དེ་ཚོས་བཀག་ཉར་ཁང་དང་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་རེད་ཅེས་སྒྲོགས་ཀྱི་ཡོད་པ་དེ་རྣམས་ལག་ཤེས་སློབ་གྲྭ་དང་སྐད་ཡིག་སློབ་གྲྭ། གློག་ཀླད་སོགས་རིག་གནས་གསར་པ་སློབ་ཁྲིད་བྱ་ཡུལ་ཁག་ཡིན། ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་ཏུ་ཞུགས་པའི་ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་ནས་ལམ་ལོག་ཏུ་འཕྱན་པ་རྣམས་རེད། རྒྱ་ནག་གཞུང་གིས་མི་དེ་ཚོར་སྐད་ཡིག་དང་ལག་ཤེས་སློབ་སྦྱོང་སྤྲད་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད། ཁོ་ཚོ་ལག་ཤེས་སློབ་གྲྭ་ཁག་ལ་རང་མོས་ཀྱིས་ཞུགས་པ་རེད་ཅེས་བཀྲལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་མི་ས་ཡ་གཅིག་ལྷག་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་དང་ལས་གྲྭ་ཁག བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་འདུག ཞིན་ཅང་གི་ཡུ་གུར་བ་ཚོར་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་ནས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་སྙན་ཐོ་བཏོན། བདུན་ཕྲག་སྔོན་མར་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་ནས་རྒྱ་ནག་གཞུང་གིས་ཞིན་ཅང་རྒྱལ་ཡོངས་སུ་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་༣༨༠་ལྷག་འཛུགས་སྐྲུན་བྱས་འདུག ད་དུང་ཡང་ལས་གྲྭ་ཆེན་པོ་༡༤་འཛུགས་སྐྲུན་བྱེད་བཞིན་འདུག་ཅེས་འདྲ་པར་སྦྲགས་མར་བསྟན།།

དེང་སྐབས་སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་པའི་ཨ་མི་རི་ཀའི་སྲིད་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་ཉེས་ཆད་རིམ་པ་ཞིག་འགེལ་བཞིན་ཡོད་ཅིང་། བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་གཞུང་གིས་ཞིན་ཅང་གི་སྲིན་བལ་དང་རས་ཆ། སྔོན་ཚོད་ཀྱི་རིགས་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པའི་ཐག་བཅད། དེར་བརྟེན་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་དང་ཞིན་ཅང་ས་ཁུལ་དུ་བཙུགས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་འཛུགས་རྒྱུ་ཤུགས་ཆུང་དུ་བཏང་འདུག ཨ་རིའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་གཏན་འབེབས་བྱས་ནས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པའི་བཀག་འགོག་བྱ་ཐབས་སུ་འབད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་ནས་དངོས་ཟོག་ཕྱིར་ཚོང་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་དང་ནོར་སྲིད་ལྷན་ཁང་གི་ཐོ་གཞུང་ནག་པོར་བཀོད་ནས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་བྱ་ཐབས་སུ་འབད། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཧུའི་ཟེན་གྷས་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཁ་སྟོང་ལག་སྟོང་གི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ཏེ་ཚོང་ལས་གཉེར་གྱི་ཡོད་པར་གྱོང་གུད་འཕོག་རྒྱུ་རེད། ཁྲིམས་གཞི་འདིས་ཞིན་ཅང་གི་ཡུ་གུར་བའི་གནས་སྟངས་ཡག་ཏུ་གཏོང་མི་ཐུབ་པས་དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་བྱ་དགོས་པའི་ཁྲིམས་གཞི་ཟེར་པ་འདི་འཁྲབ་སྟོན་ལྟ་བུ་ཞིག་རེད་ཅེས་ངོ་རྒོལ་བྱས་འདུག

ཞིན་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཞིན་ཅང་དང་བོད། ནང་སོག་བཅས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྣམས་སྣུབ་ཀྱི་ཡོད་པ་སྟེ། ནང་སོག་ལ་རྒྱ་ཡིག་གཙོ་བོར་འཛིན་པའི་ཤེས་ཡོན་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་སོག་ཡིག་དང་སོག་སྐད་སློབ་ཁྲིད་བྱ་རྒྱུ་མེད་པར་བཏང་སྟེ་ནང་སོག་གི་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་མ་བཏང་བར་རྒྱ་གཞུང་གི་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུའང་རྒྱ་ཡིག་གཙོ་བོར་འཛིན་པའི་ཤེས་ཡོན་སྲིད་ཇུས་བཙན་དབང་གིས་ལག་ལེན་བསྟར་ནས་བོད་ཕྲུག་རྣམས་རྒྱ་མི་རིགས་ལ་སྒྱུར་ཐབས། ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་བོད་པ་ས་ཡ་ཕྱེད་ཀ་ལྷག་ལ་འབྲོག་ལས་དང་ཞིང་ལས་མཚམས་འཇོག་བྱེད་དུ་བཅུག་སྟེ་རྒྱ་ནག་གི་ལས་གྲྭ་དང་བཟོ་གྲྭ་ཆེ་ཁག་གི་ངལ་རྩོལ་བར་སྒྱུར་གྱི་ཡོད་པ། བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ས་ཆའི་བདག་པོ་རྣམས་རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་འགྱུར་གྱི་ཡོད་པ། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བོད་པ་ཁྲི་ཚོ་གསུམ་ལྷག་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ཁྲིད་ནས་ངལ་རྩོལ་བར་སྒྱུར་འདུག་ཅེས་སྙན་ཐོ་ཐོན། ཞིས་ཅིན་ཕིང་གིས་བོད་དང་ཞིན་ཅང་། ནང་སོག་བཅས་ལ་མི་རིགས་གཙང་སེལ་དང་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག མ་རུང་དང་ཀྲུའུ་ཝེ་ཆུན་སོགས་རྒྱ་ནག་གི་ལྟ་བ་མཁྲེགས་འཛིན་པ་ཚོས་བོད་པ་དང་སོག་པོ། ཞིན་ཅང་གི་ཡུ་གུར་བ་ཚོར་རིག་གཞུང་དང་སྐད་ཡིག་ཐ་དད། མི་རིགས་འདུ་ཤེས་ཐ་དད་ཡོད་པའི་སྟབས་ཀྱིས་རྒྱ་ནག་མི་རིགས་ཀྱི་ཁོངས་སུ་འདྲེས་ཐུབ་ཀྱི་མེད་པ་རེད། བོད་དང་ཞིན་ཅང་། ནང་སོག་གི་རིག་གཞུང་དང་སྐད་ཡིག་རྣམས་རྩ་མེད་གཏོང་དགོས་ཀྱི་འདུག་ཅེས་གླེང་སློང་བྱས་པ་རྣམས་ཞིས་ཅིན་ཕིང་གིས་དངོས་སུ་ལག་ལེན་བསྟར་གྱི་འདུག་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG