ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཉི་ཧོང་སོགས་ལ་འགྲིམ་འགྲུལ་ལམ་སྟོན་གསར་པ་གསལ་བསྒྲགས། 


༄༅།། ཕྱི་ཟླ་༦་པའི་ཚེས་༨་ཉིན་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལས་ཁུངས། ཨ་རིའི་ཕྱི་སྲིད་ལྷན་ཁང་གཉིས་ཀྱིས་ཨ་རི་བ་རྣམས་ཉི་ཧོང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པར་ལྟད་མོ་དང་དབྱར་གྱི་གུང་སེང་སོགས་ལ་འགྲིམ་འགྲུལ་བྱེད་ཚེ། རྒྱལ་ཁབ་དང་ས་གནས་བཅས་ཡུལ་ལུང་༩༠་ལྷག་ལ་འགྲིམ་འགྲུལ་བྱས་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆུང་བ་ཡོད་པའི་ལམ་སྟོན་གསར་པ་ཞིག་བཀྲམ། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཛིན་སྐྱོང་ལྷན་ཁང་གིས་རྩེད་འགྲན་པ་རྣམས་དང་ཉི་ཧོང་མི་དམངས། འཛམ་གླིང་ཡུལ་གྲུ་ཁག་གི་ལྟད་མོ་བ་རྣམས་འདྲེས་མ་བཅུག་པར་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་གི་སྒྲིག་ཁྲིམས་ཁག་ལག་ལེན་ནན་པོ་ཞིག་བསྟར་ཏེ་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་རྒྱུའི་ཐག་བཅད། ཉི་ཧོང་ལ་ཏོག་དབྱིབས་ནད་དུག་གི་ནད་རླབས་གསར་པ་ཞིག་འཕྱུར་ནས་ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་འགྲན་ཡང་འཚོགས་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར། ལྷག་པར་དུ་ཉི་ཧོང་བ་མང་དག་ཅིག་གིས་ནད་ཡམས་ཁྱབ་གདལ་དུས་སུ་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ན་ཉེན་ཁ་ཆེ་ཞེས་དང་བླངས་སྲི་ཞུ་བའི་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་ཉི་ཧོང་གཞུང་གིས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་སྟེ་མཐའ་མཇུག་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ཐུབ་རྒྱུའི་རེ་བ་ཡོད་པའི་རྣམ་པ་ཞིག་ཐོན། ཟླ་བ་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀ་བ་རྣམས་ཉི་ཧོང་ལ་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ལྟད་མོར་མ་སོང་ན་ལེགས་ཞེས་ལམ་སྟོན་བྱས་ཀྱང་ཨ་རིའི་རྒྱལ་ནང་དུ་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་སྟེ་ཨ་རིའི་གཞུང་གིས་འགྲིམ་འགྲུལ་བཀག་སྡོམ་གྱི་དམ་དྲག་ལྷོད་དུ་བཏང་བ་རེད་ཅེས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

ཐོག་མའི་དུས་ཚོད་ལྟར་ན་༢༠༢༠་ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་དགོས་ཀྱང་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཉི་ཧོང་གཞུང་དང་རྒྱལ་སྤྱིའི་ཨོ་ལོམ་ཕིཀ་རྩེད་འགྲན་འཛིན་སྐྱོང་ལྷན་ཚོགས་གཉིས་ཀས་རྩེད་འགྲན་དེ་ལོ་གཅིག་ལ་ཕྱིར་འགྱངས་བྱས་ཤིང་། ད་ལོའི་ཕྱི་ཟླ་༧་པའི་ཚེས་༢༣་ནས་ཉི་ཧོང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཁག་ཚུགས་རྒྱུ། ཉི་ཧོང་གི་འཕྲོད་བསྟེན་མཁས་པ་ཚོས་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ན་ནད་དུག་བགོ་ཁྱབ་གཏོང་སྲིད་པའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་ཡོད་པར་མ་ཟད། ཉི་ཧོང་གཞུང་གིས་མི་འབོར་བརྒྱ་ཆ་༤་ཡས་མས་ཤིག་ལ་མ་གཏོགས་མ་སྨན་ཐུན་གཉིས་ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མ་ཐུབ། ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པས་ཉི་ཧོང་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་འདུག ད་དུང་ཡང་ཉི་ཧོང་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་གསར་པའི་གྲངས་འབོར་ཉུང་དུ་འགྲོ་ཐུབ་ཀྱི་མི་འདུག སྨན་ཁང་ཁག་ཅིག་ལ་ནད་པ་མང་དྲགས་པའི་དཀའ་ངལ་ཡོད་པའང་གཅིག་མཚུངས་རེད། ཉི་ཧོང་བ་ཁག་ཅིག་ལ་སྨན་བཅོས་བྱེད་མ་ཐུབ་པར་རང་ཁྱིམ་དུ་འཆི་སྐྱོན་འཕོག་གི་འདུག་ཅེས་གནས་ཚུལ་སྤེལ། ཡིན་ནའང་ཉི་ཧོང་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཛིན་སྐྱོང་ལྷན་ཚོགས་གཉིས་ལ་ལོ་འདིའི་རྩེད་འགྲན་ཕྱིར་འཐེན་བྱེད་པའམ། ཡང་ན་སླར་ཡང་ལོ་གཅིག་ཕར་འགྱངས་བྱེད་འདོད་མེད་ཅིང་། ཉི་ཧོང་གི་སྨན་པའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་༢༠༠་ལྷག་གི་རྩེད་འགྲན་པ་རྣམས་ས་གནས་གཅིག་ལ་འདུ་རྒྱུ་དང་ལྟད་མོ་བ་སྟོང་ཕྲག་མང་པོ་འདུ་རྒྱུ་ཡིན་པས་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་སྲིད་ཅེས་བློ་འཚབ་ཀྱི་རྣམ་འགྱུར་བསྟན།།

ཉི་ཧོང་གི་སྨན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཨུ་ཡེ་ཡ་མ་ཞེས་པ་ཞིག་གིས་རོ་ཡེ་ཊར་སི་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དེང་སྐབས་འཛམ་གླིང་འདིར་ངོ་བོ་འགྱུར་བ་དང་ངོ་བོ་ཉིས་འགྱུར་སོགས་ཏོག་དབྱིབས་ནད་དུག་རིགས་མ་འདྲ་བ་མང་དག་ཅིག་འདུག ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཚང་མ་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་ལ་འདུ་སྲིད་པའི་ཉེན་ཁ་ཆེ། ང་ཚོས་ཉི་ཧོང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་ཏོག་དབྱིབས་ནད་དུག་རིགས་གསར་པ་ཞིག་ཁྱབ་གདལ་འགྲོ་མི་སྲིད་པའི་ཁག་ཐེག་བྱེད་མི་ཐུབ། ནད་དུག་གསར་པ་དེ་འདྲ་ཞིག་བྱུང་ན་འཛམ་གླིང་ཡོངས་ལ་ཆག་སྒོ་ཆེན་པོ་ཞིག་ཏུ་འགྱུར་སྲིད། མ་འོངས་པའི་ལོ་བརྒྱ་ཕྲག་གི་རིང་དུ་ཀྲོཀ་ཁིའོ་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་ཀྱི་ནད་དུག་ཅེས་སྐྱོན་བརྗོད་བྱེད་དགོས་པ་ཞིག་ཏུ་འགྱུར་སྲིད་ཅེས་བཤད། བདུན་ཕྲག་འདིར་ཨ་མི་རི་ཀས་ཉི་ཧོང་ཚུད་པའི་རྒྱལ་ཁབ་༦༡་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་རིམ་པ་༤་པ་ནས་རིམ་པ་༣་པར་མར་ཕབ། རིམ་པ་བཞི་པ་ནི་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཧ་ཅང་ཆེན་པོ་ཡོད་པ་དང་རྒྱལ་ཁབ་དེར་འགྲིམ་འགྲུལ་བྱ་རྒྱུ་འཛེམ་ཟོན་བྱ་དགོས་པའི་མཚོན་དོན། རིམ་པ་གསུམ་པ་ནི་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཆེ་ཙམ་ཡོད་ཀྱང་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་ཟིན་པ་རྣམས་འགྲིམ་འགྲུལ་བྱེད་ཆོག་པ་དང་འགོག་ཁབ་མ་བརྒྱབ་པ་རྣམས་འགྲིམ་འགྲུལ་བྱ་རྒྱུར་གཡོལ་ཐབས་བྱ་དགོས་པའི་མཚོན་དོན། རིམ་པ་གཉིས་པ་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེན་པོ་མེད་ཀྱང་འགོག་ཁབ་ངེས་པར་དུ་རྒྱག་རྒྱུ། གལ་སྲིད་དགོས་ངེས་མིན་ན་འགྲིམ་འགྲུལ་བྱ་རྒྱུ་དེར་འཛེམ་ཟོན་བྱ་དགོས་པའི་མཚོན་དོན། རིམ་པ་དང་པོ་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆུང་བ་ཡོད་པའི་མཚོན་དོན་སོགས་ཀྱི་གོ་རིམ་ཞིག་ཕྱེ་འདུག

འདས་པའི་ལོ་ཧྲིལ་པོར་འཛམ་གླིང་མི་དམངས་རྣམས་རང་ཁྱིམ་དུ་བཀག་སྟེ་རྒྱལ་ཁབ་ཕྱི་ནང་གཉིས་སུ་འགྲིམ་འགྲུལ་བྱས་མ་ཐུབ་པ། ད་ལོའི་དབྱར་དུས་ཉི་ཧོང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པས་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལས་ཁུངས་ཀྱིས་འགྲིམ་འགྲུལ་ལམ་སྟོན་ལ་འགྱུར་བ་གཏོང་དགོས་བྱུང་ཞིང་། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གཞུང་གིས་སིངྒ་པུར་དང་ཨི་སི་རལ། ལྷོ་ཀོ་རི་ཡ་དང་འཁྱག་གླིང་རྒྱལ་ཁབ། བྷེ་ལི་ཛི་དང་ཨལ་བྷེ་ཎི་ཡ་བཅས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་རིམ་པ་༢་པའམ། ཡང་ན་དང་པོར་ཕབ། ཧྥ་རན་སི་དང་ཨི་ཁུའེ་དྷོར། ཧྥི་ལིན་ཕིན་སི་དང་ལྷོ་ཨ་ཧྥི་རི་ཀ ཁེ་ན་ཌ་དང་མེཀ་སི་ཀོ ཨུ་རུ་སུ་དང་སི་པེན། སུད་ཛར་ལན་ཌི་དང་ཏུར་ཀི ཡུཀ་རེན་དང་ཧུན་དྷུ་ར་སི། ཧང་གྷ་རི་དང་ཨི་ཊ་ལི་རྣམས་རིམ་པ་གསུམ་པར་ཕབ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འགྲིམ་འགྲུལ་ལམ་སྟོན་ལ་འགྱུར་བ་བཏང་བ་ནི་ནད་ཡམས་ཁྱབ་གདལ་འབའ་ཞིག་ལ་དམིགས་ནས་ཐག་གཅོད་བྱས་པ་ཞིག་མིན། རྒྱལ་ཁབ་ཁག་ཅིག་ལ་འགྲིམ་འགྲུལ་ཐད་ཀར་ཡོད་མེད་དང་རྒྱལ་ཁབ་གཞན་པ་བརྒྱུད་ནས་འགྲིམ་འགྲུལ་བྱེད་ཐུབ་ཀྱི་ཡོད་མེད། ཨ་རིའི་སྤྱི་དམངས་རྣམས་ཡོང་མི་ཆོག་པའི་བཀག་སྡོམ་ཕྱིར་འཐེན་བྱས་ཡོད་མེད། ས་གནས་སོ་སོར་ཉི་མ་གསུམ་གྱི་ནང་ཚུད་དུ་ནད་རྟགས་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་པའི་མཐུན་རྐྱེན་འཛོམས་མིན་སོགས་ལ་བལྟས་པ་ཡིན་ཞེས་བསྒྲགས།།

ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལས་ཁུངས་ཀྱིས་འགྲིམ་འགྲུལ་ལམ་སྟོན་གསར་པ་ཞིག་བྱས་པ་ནི་ཨ་རིའི་རྒྱལ་ནང་དང་རྒྱལ་ཁབ་གཞན་པ་མང་དག་ཅིག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཡག་པོ་ཐུབ་འདུག མ་འོངས་པའི་ཟླ་ཤས་ནང་དུ་ཨ་མི་རི་ཀས་རྒྱལ་ཁབ་མང་ཙམ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆུང་བ་ཡོད་པའི་རིམ་པ་དེར་འབེབས་ཐུབ་པའི་རེ་བ་ཡོད། ༢༠༢༠་ནས་ཨ་མི་རི་ཀས་རང་གི་སྤྱི་དམངས་རྣམས་རྒྱལ་ཁབ་གཞན་ལ་འགྲིམ་འགྲུལ་བྱ་རྒྱུ་དེར་བཀག་སྡོམ་ནན་པོ་བྱས་པ་ལྟར་རྒྱལ་ཁབ་གཞན་ཁག་གིས་ཀྱང་ཨ་མི་རི་ཀའི་སྤྱི་དམངས་རྣམས་ཡོང་མི་ཆོག་པའི་བཀག་སྡོམ་བྱུང་། ཨ་མི་རི་ཀས་རང་གི་སྤྱི་དམངས་མ་ཡིན་པ་སུ་ཞིག་ཡིན་རུང་ཉི་མ་༡༤་ཡི་ནང་ཚུད་དུ་རྒྱ་ནག་དང་དབྱིན་ཡུལ། ཨར་ལན་ཌི་དང་རྒྱ་གར། ལྷོ་ཨ་ཧྥི་རི་ཀ་དང་བྷ་ར་ཛིལ། ཨི་རན་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་༢༦་ལ་ཕྱིན་པའི་འགྲུལ་པ་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག གཟའ་མིག་དམར་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨ་མི་རི་ཀ་དང་ཁེ་ན་ཌ། མེཀ་སི་ཀོ་དང་ཡུ་རོབ་མཉམ་འབྲེལ། དབྱིན་ཇི་བཅས་ཀྱི་འཕྲོད་བསྟེན་མཁས་པའི་མཉམ་འབྲེལ་ཚོགས་ཆུང་ཞིག་བཙུགས་ནས་འགྲིམ་འགྲུལ་བསྐྱར་དུ་སྒོ་འབྱེད་ཇི་ལྟར་བྱེད་དགོས་མིན་ལ་གྲོས་སྡུར་བྱ་དགོས་པའི་གྲོས་འགོ་བཏོན། དེ་རིང་ཕྱི་ཟླ་༦་པའི་ཚེས་༩་ནས་ཧྥ་རན་སིའི་གཞུང་གིས་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་པ་དང་ནད་རྟགས་ཐོན་མེད་པའི་ཨ་རིའི་འགྲུལ་པ་རྣམས་ཡོང་ཆོག་པའི་ཐག་བཅད། ཨ་རི་དང་དབྱིན་ཇིའི་མཁའ་ལམ་ལས་ཁུངས་ཁག་གིས་ཀྱང་ཕྱོགས་གཉིས་ཀྱི་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་བྱ་དགོས་ཞེས་སྐུལ་ལྕག་བཏང་ཞིང་། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའི་ཨ་རི་བ་རྣམས་ཡུ་རོབ་རྒྱལ་ཁབ་སི་པེན་ལ་ཡོང་ཆོག་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG