ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་གར་ལ་དམག་གི་གནམ་གྲུ་བཙོངས་ནས་འགུགས་ཐབས། 


༄༅།། ཨ་མི་རི་ཀས་རྒྱ་གར་ལ་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོངས་ནས་ཨུ་རུ་སུར་འབྲེལ་བ་གཅོད་དུ་འཇུག་ཐབས་བྱེད་ཀྱི་ཡོད་ཀྱང་ཨ་རིའི་ཐོན་རིམ་ལྔ་པའི་དམག་གི་གནམ་གྲུ་དེ་རྒྱ་གར་གྱི་དགོས་མཁོར་འཚམས་པ་ཞིག་ཡིན་མིན་བཤད་དཀའ། ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་མང་ཆེ་བ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་ལོ་ཤས་གོང་ནས་གནམ་གྲུ་ཁག་ཅིག་ཧྥ་རན་སི་ནས་ནང་འདྲེན་བྱ་རྒྱུ་འགོ་ཚུགས། རྒྱ་གར་གྱིས་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ལ་ཁ་གཏད་གཅོག་པར་གནམ་དམག་ངེས་པར་དུ་དེང་རབས་ཅན་དུ་བསྒྱུར་དགོས་ཤིང་། ད་ལོ་ཆེས་ཐོག་མར་རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྲུང་གནམ་གྲུའི་འགྲེམ་སྟོན་ཐོག་ཏུ་ཨ་མི་རི་ཀའི་F-35་དང་F-16་རྟགས་ཅན། F/A18་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་B-1B་རྟགས་ཅན་གྱི་མདེལ་འཕེན་གནམ་གྲུ་རྣམས་བཤམས། རྒྱ་གར་གྱི་རྒྱལ་སྲུང་གནམ་གྲུའི་འགྲེམ་སྟོན་དེ་འགོ་ཚུགས་ནས་ལོ་༢༧་ཕྱིན་པའི་ལོ་རྒྱུས་ནང་དུ་ལོ་འདིར་ཨ་རིའི་གནམ་གྲུ་མང་ཤོས་སུ་གྱུར། ད་ལྟའི་བར་དུ་རྒྱ་གར་དང་ཨུ་རུ་སུ་གཉིས་ལ་དམག་འཐབ་གནམ་གྲུའི་ཚོང་འབྲེལ་རྒྱ་ཆེན་པོ་ཡོད་པ་དེར་འགྲན་ཡ་གསར་པ་ཞིག་བསླེབས་པ་དང་རྒྱ་གར་ལའང་གདམ་ཀ་གསར་པ་ཞིག་ཐོབ། ད་ལོ་བར་དུ་ཨ་མི་རི་ཀས་རྒྱ་གར་གྱི་རྒྱལ་སྲུང་གནམ་གྲུའི་འགྲེམ་ཐོག་ཏུ་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ། དམག་གི་རླངས་འཁོར་དང་རེ་ཌར་འཕྲུལ་ཆས་སོགས་ཀྱི་དཔེ་མཚོན་རྣམས་བཤམས། འདས་པའི་ལོ་ལྔའི་རིང་ཨུ་རུ་སུས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༣༠་ཐམ་པའི་མཚོན་ཆ་བཙོངས་ཡོད་པ་དང་ཨ་མི་རི་ཀས་འདས་པའི་ལོ་དྲུག་གི་རིང་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༦༠་ཐམ་པའི་མཚོན་ཆ་ལས་བཙོངས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀས་རྒྱ་གར་མཐའ་གཅིག་ཏུ་ཨུ་རུ་སུའི་མཚོན་ཆར་བརྟེན་མི་དགོས་པ་དང་རྒྱ་གར་ལ་ཨ་རིའི་མཚོན་ཆ་བཙོང་ཐབས་བྱས་པ་ཐེངས་དང་པོ་མིན་ཞིང་། ཟླ་བ་འདིར་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་F/A18་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་རྒྱ་གར་གྱི་མཚོ་དམག་གི་འབབ་ཚུགས་དམག་གྲུའི་ཐོག་ཏུ་ཧ་ཅང་འཕྲོད། ཧྥ་རན་སི་ནས་ཐོན་པའི་ར་ཧྥེལ་འཐབ་འཛིང་གནམ་གྲུ་རྒྱ་གར་གྱི་གནམ་དམག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་མ་ཟད། ར་ཧྥེལ་གནམ་གྲུ་བཟོ་ཚོང་ཁང་གིས་རྒྱ་གར་གྱི་མཚོ་དམག་གི་འབབ་ཚུགས་དམག་གྲུའི་ཐོག་ཏུ་འཁྱེར་རྒྱུའི་འཐབ་འཛིང་གནམ་གྲུ་ཡང་བཟོ་སྐྲུན་བྱ་རྒྱུའི་འགྲན་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ༢༠༡༩་ལོའི་ཕྱི་ཟླ་༢་པའི་ནང་དུ་ཚོང་ལས་ནང་ཚགས་གསར་ཁང་གིས་ཨ་མི་རི་ཀས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༡༡༠་ཐམ་པའི་F-22་དང་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་འཕྲུལ་ཆས་ལྡན་པའི་F-21་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་ཆོག་ཅེས་གྲོས་གཞི་བཏོན། F-21་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡར་རྒྱས་བཏང་བ་ཞིག་རེད་ཅེས་གནས་ཚུལ་སྤེལ། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་དུ་ཉམས་ཞིབ་པ་ཧ་རུན་ཨ་དབྱི་དིན་གྱིས་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་དམག་འཐབ་གནམ་གྲུ་མཆོག་ཏུ་གྱུར་པ་ཞིག་ཡིན་མོད། འོན་ཀྱང་གནམ་གྲུ་དེས་རྒྱ་གར་གྱི་དགོས་མཁོ་སྐོང་ཐུབ་མིན་མི་ཤེས། རྒྱ་གར་ལ་རང་གི་ས་མཚམས་བརྒལ་ནས་ཕ་རོལ་པའི་རྒྱལ་ནང་དུ་གཏོར་རྒོལ་བྱེད་ཐུབ་པའི་དམག་གི་གནམ་གྲུ་དགོས་ཀྱི་འདུག F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་དགྲ་ཕྱོགས་ཀྱི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མངའ་ཁོངས་སུ་སིམ་འཛུལ་བྱས་ནས་གཏོར་རྒོལ་བྱ་སྤྱད་གནམ་གྲུ་ཞིག་ཡིན་པ་དང་ཨ་རིའི་གནམ་གྲུ་རྣམས་རིན་གོང་ཆེ་དྲགས་ཏེ་རྒྱ་གར་གྱིས་ཉོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།

ཉམས་ཞིབ་པ་ཧ་རུན་ཨ་དབྱི་དིན་ནས་རྒྱ་གར་གྱིས་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོ་རྒྱུའི་ཚབ་ཏུ་ཨུ་རུ་སུའི་Su-30MKI་རྟགས་ཅན་དང་ཧྥ་རན་སིའི་ར་ཧྥེལ་བཅས་ཐོན་རིམ་བཞི་པའི་འཐབ་འཛིང་གནམ་གྲུ་ཉོས་ཚེ། ཨུ་རུ་སུ་དང་ཧྥ་རན་སིའི་གནམ་གྲུ་དེ་དག་གིས་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་དང་ཕ་རོལ་པོའི་གནམ་གྲུར་འཐབ་འཛིང་། ད་དུང་དེའི་ཤུལ་དུ་ཐོན་རིམ་ལྔ་པའི་འཐབ་འཛིང་གནམ་གྲུ་ཉོ་སྒྲུབ་བྱེད་པའི་དངུལ་སྒོར་ཡང་ལྷག་གི་རེད། ད་སྔ་རྒྱ་གར་གྱིས་ཐོན་རིམ་བཞི་པའི་དམག་འཐབ་གནམ་གྲུ་ལས་ཉོ་ཐུབ་ཀྱི་མེད་ཀྱང་ཧྥ་རན་སིའི་ར་ཧྥེལ་གནམ་གྲུ་ཡང་རིན་གོང་ཆེ་དྲགས་ཏེ་རྒྱ་གར་གྱིས་མངགས་ཉོ་བྱ་རྒྱུ་ཉུང་དུ་གཏོང་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན། ༢༠༡༡་ལོར་ཁར་ཎི་གྷི་རྒྱལ་སྤྱིའི་ཞི་བདེ་ཉམས་ཞིབ་ཁང་གིས་ཨ་མི་རི་ཀས་རྒྱ་གར་ལ་F-16་རྟགས་ཅན། F/A18་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་ཞེས་གྲོས་གཞི་བཏོན་འདུག རྒྱ་གར་གྱི་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ཨ་མི་རི་ཀའི་དམག་འཐབ་གནམ་གྲུ་ཉོ་རྒྱུར་མ་འཐད། དེའི་རྒྱུ་མཚན་གཅིག་ནི་ཨ་རི་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་རྒྱ་གར་ལ་དགོས་ངེས་ཀྱི་དུས་སུ་ཨ་རིའི་དམག་འཐབ་གནམ་གྲུ་ཁག་གི་ལྷུ་ལག་དང་མདེའུ་སོགས་རྒྱ་གར་ལ་མཁོ་ཚོང་བྱ་རྒྱུ་ཡིན་མིན་ཐེ་ཚོམ་རེད། གཉིས་པ་དེར་རྒྱ་གར་གྱིས་ཨ་མི་རི་ཀའི་གནམ་གྲུ་ནང་འདྲེན་བྱེད་ཀྱི་མེད་པ་ནི་ཨ་རིའི་གཞུང་གིས་ལོ་མང་རིང་པ་ཀི་སི་ཐན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་སྙན་ཐོ་བཏོན། ཨ་མི་རི་ཀས་པ་ཀི་སི་ཐན་ལ་ཨ་སྒོར་དུང་ཕྱུར་༤་དང་ཕྱེད་ཀའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འཐབ་ཤོག་གཅིག་བཙོངས། ཨ་མི་རི་ཀས་པ་ཀི་སི་ཐན་ལ་ཡར་རྒྱས་བཏང་བའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོངས་པ་ནི་རྒྱ་གར་གྱིས་མུ་མཐུད་དུ་ཨུ་རུ་སུ་ནས་མཚོན་ཆ་ཉོ་སྒྲུབ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་མ་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་རེད་ཅེས་གནས་ཚུལ་སྤེལ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཁབ་གང་ཞིག་ཨ་མི་རི་ཀ་ནས་མཚོན་ཆ་ཉོ་སྒྲུབ་ཀྱི་ཚོགས་ཁོངས་སུ་ཞུགས་ན་རྒྱལ་ཁབ་དེར་ཨ་མི་རི་ཀས་འཐབ་འཛིང་གནམ་གྲུ་སོགས་རིན་གོང་བཅག་ནས་བཙོངས་པ་དང་གནམ་གྲུ་བཟོ་བཅོས། བདག་གཅེས་དང་ལྷུ་ལག་མཁོ་ཚོང་དང་སྦྱོང་བརྡར་སོགས་མཉམ་དུ་བྱ་དགོས་པས་རྒྱལ་ཁབ་དེའི་ཕྱི་སྲིད་ཀྱི་རང་དབང་གང་འཚམ་ཞིག་ཨ་མི་རི་ཀའི་བཀོད་ཇུས་འོག་ཏུ་ཚུད། རྒྱ་གར་ལ་རང་གི་ཕྱི་སྲིད་ཐད་རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱེད་དུ་འཇུག་འདོད་མེད་པས་ཨ་མི་རི་ཀ་ནས་དམག་གི་གནམ་གྲུ་ནང་འདྲེན་བྱ་རྒྱུར་འཛེམ་ཟོན་བྱེད་ཀྱི་ཡོད་ཅིང་། ཨུ་རུ་སུས་རྒྱལ་ཁབ་གང་འདྲ་ཞིག་ལ་མཚོན་ཆ་བཙོངས་ཀྱང་རྒྱལ་ཁབ་དེའི་ཆབ་སྲིད་དང་ཕྱི་སྲིད་ལ་ཐེ་གཏོགས་བྱེད་ཀྱི་མེད་པས་རྒྱ་གར་ཨུ་རུ་སུའི་ལངས་ཕྱོགས་ལ་དགའ་མོས་བྱུང་། ཁར་ཎི་གྷི་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཊེ་ལི་སིས་རྒྱ་གར་གྱིས་ཨ་མི་རི་ཀར་ཟླ་གྲོགས་བསྒྲིག་འདོད་ཡོད་ཀྱང་ཨ་མི་རི་ཀའི་ཚོང་ཤག་ལ་འགྱུར་དུ་འཇུག་འདོད་མི་འདུག རྒྱ་གར་གྱིས་ཟླ་གྲོགས་འགའ་ཞིག་གི་གྲས་ནས་ཨ་མི་རི་ཀ་ཟླ་གྲོགས་གཅིག་ལ་བརྩི་འདོད་ཡོད་པ་ལས་ཨ་མི་རི་ཀ་རྒྱ་གར་གྱི་ཟླ་གྲོགས་འབའ་ཞིག་དེར་འགྱུར་དུ་འཇུག་འདོད་མི་འདུག་ཅེས་བཀྲལ། ཡིན་ནའང་ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུའི་མཚོན་ཆ་རྣམས་སྤུས་དག་ཡིན་མིན་དོགས་པ་བསླངས། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར། ཨུ་རུ་སུའི་དམག་གི་གནམ་གྲུ་སོགས་ལ་གཏོར་ཚབས་ཆེན་པོ་ཕོག རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུ་ནས་མཚོན་ཆ་ཉོ་རྒྱུའི་ཚབ་ཏུ་རྒྱལ་ཁབ་གཞན་ནས་མཚོན་ཆ་ཉོ་རྒྱུའི་བསམ་ཞིབ་བྱ་རྒྱུ་མགོ་བརྩམས། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱེད་ཀྱི་ཡོད་པས་ཨུ་རུ་སུའི་རྒྱལ་སྲུང་བཟོ་ལས་ཁག་གིས་སྔར་བཞིན་མཚོན་ཆ་བཟོ་ཐུབ་མིན་ཡང་དོགས་གནས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ལོའི་ཕྱི་ཟླ་༣་ནང་རྒྱ་གར་གྱིས་ཨུ་རུ་སུ་ནས་Su-30MKI་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༢་མངགས་ཉོ་བྱས་ཀྱང་ཟླ་བ་གཉིས་ཀྱི་རྗེས་སུ་མངགས་ཉོ་དེ་ངང་འཐེན་བྱས་ཤིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྟེ་རྒྱ་གར་གྱིས་ཨུ་རུ་སུར་གནམ་གྲུའི་རིན་འབབ་སྤྲོད་ཐབས་མེད་པ་དང་ཨུ་རུ་སུས་གནམ་གྲུ་རྣམས་དུས་ཐོག་ཏུ་བཟོ་སྐྲུན་བྱེད་ཐུབ་མིན་ཐེ་ཚོམ་བྱུང་འདུག དེས་ན་རྒྱ་གར་གྱིས་འཐབ་འཛིང་གནམ་གྲུ་ཉོ་སྒྲུབ་བྱེད་ཕྱོགས་ལ་འགྱུར་བ་གཏོང་བའི་དུས་སུ་བབས། ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྒྱ་གར་གྱི་དགོས་མཁོ་འཚམས་མིན་སོམ་ཉི་རེད་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༢་པའི་ཚེས་༢༡་ཉིན་ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དམག་དོན་ཚན་པའི་འགན་འཛིན་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་བྷེ་ཀར་ནས་རྒྱ་གར་གྱིས་ཨ་རིའི་ཐོན་རིམ་རྗེས་མའི་འཐབ་འཛིང་གནམ་གྲུ་ཉོ་སྒྲུབ་བྱ་རྒྱུ་ཡིན་མིན་གྱི་གྲོས་མོལ་འགོ་བཙུགས་མ་ཐག་ཡིན། རྒྱ་གར་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱ་གར་དང་ཨ་མི་རི་ཀ་མཉམ་འབྲེལ་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བའང་སྡུག་ཏུ་སོང་། རྒྱ་ནག་དང་པ་ཀི་སི་ཐན་གྱིས་མཉམ་འབྲེལ་ཐོག་ཏུ་དམག་འཐབ་གནམ་གྲུ་བཟོ་སྐྲུན་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་གནམ་དམག་གིས་མ་འོངས་པའི་ལོ་ལྔའི་རིང་ཨ་སྒོར་དུང་ཕྱུར་༢༠༠་འགྲོ་གྲོན་བཏང་སྟེ་བཀོལ་སྤྱོད་སྣ་མང་ཐུབ་པའི་འཐབའཛིང་གནམ་གྲུ་༡༡༤་ཉོ་རྒྱུའི་འཆར་གཞི་བཀོད། རྒྱ་གར་གྱི་གནམ་དམག་རུ་དཔོན་ས་རི་ཝ་ས་ཏ་ཡ་ཞེས་པ་ཞིག་གིས་ཨ་རིའི་F-35་རྟགས་ཅན་གྱི་འཐིང་འཛིང་གནམ་གྲུ་དེ་རིན་གོང་ཆེ་དྲགས་པ་དང་འཕྲུལ་ཆས་མགོ་རྙོགས་ཚ་དྲགས་ཏེ་བདེ་བླག་ཏུ་བཀོལ་བྱེད་ཐུབ་པ་ཞིག་མ་རེད། གལ་སྲིད་ང་ལ་གདམ་ཀ་ཡོད་ན་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་དགོས་ས་མ་རེད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG