ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཨུ་རུ་སུས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༣༠་ཐམ་པའི་མཚོན་ཆ་ཕྱིར་ཚོང་། 


༄༅།། འདས་པའི་ལོ་ལྔའི་རིང་ཨུ་རུ་སུས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༣༠་ཐམ་པའི་མཚོན་ཆ་བཙོངས། ད་དུང་ཡང་རྒྱ་གར་གྱིས་ཨུ་རུ་སུ་ནས་ཨ་སྒོར་དུང་དུང་ཕྱུར་༡༠༠་ཐམ་པའི་མཚོན་ཆ་དང་དམག་དོན་ཡོ་བྱད་མངགས་ཉོ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་ནས་ཨུ་རུ་སུའི་མཚོན་ཆ་ནང་འདྲེན་བྱེད་མཁན་ཤུགས་ཆེ་ཤོས་དེ་ཡིན་པ་སྟེ། ཨུ་རུ་སུ་ནས་མཚོན་ཆ་མངགས་ཉོ་བྱེད་ཀྱི་ཡོད་པའི་བརྒྱ་ཆ་༢༠་ཐམ་པ་རྒྱ་གར་ཡིན་ཞིང་། ཕུ་ཊིན་གྱིས་དམག་དྲངས་ནས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་གར་གྱིས་སྐྱོན་བརྗོད་བྱེད་ཀྱི་མེད་པར་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གྱི་ཆེ་མཐོང་ཉམས། ད་ལྟ་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་གྲབས་ཡོད་ཀྱང་དེའི་རིང་དུ་སྲིད་བློན་མོ་དྷིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་དམག་འཁྲུག་གི་དུས་སྐབས་ནི་ཡོལ་ཟིན་པ་ཞིག་རེད། དུས་རབས་༢༡་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པ་དང་ཨུ་རུ་སུས་ངེས་པར་དུ་གྲོས་མོལ་དང་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་རྩོད་གཞི་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོས་འཛམ་གླིང་ཡོངས་ཀྱིས་ཨུ་རུ་སུར་ཚོང་ལས་བཀག་སྟེ་མཚོན་ཆ་ཕྱིར་ཚོང་བྱེད་ཀྱི་མེད་ཀྱང་རྒྱ་དཀར་ནག་གཉིས་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གིས་རང་གི་ཁེ་ཕན་གཙིགས་སུ་བཟུང་སྟེ་ཨུ་རུ་སུ་ནས་མཚོན་ཆ་ནང་འདྲེན་དང་ཡུཀ་རེན་ལ་བཙན་འཛུལ་བྱུང་བར་འགོག་རྒོལ་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན། ཨུ་རུ་སུའི་དབུས་དམག་དོན་ཚན་རིག་ཁང་གི་འགོ་ཁྲིད་ཤུ་གྷ་ཡེབ་ཀྱིས་ཨ་རིས་འགོ་ཁྲིད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གར་ལ་སྔོན་ཆད་བྱུང་མྱོང་མེད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་ལྡི་ལི་གསར་པ་ནི་ཨུ་རུ་སུའི་དམག་དོན་འཕྲུལ་རིག་གི་ཚོང་གྲོགས་གཙོ་བོ་ཞིག་ཡིན། ཨུ་རུ་སུས་ལོ་ལྟར་ཨ་སྒོར་དུང་ཕྱུར་༡༤༠་ནས་དུང་ཕྱུར་༡༥༠་ཡས་མས་རེའི་མཚོན་ཆ་འཚོང་གི་ཡོད་པ་དང་ལོ་ལྟར་ཨ་སྒོར་དུང་ཕྱུར་༥༠༠་ཐམ་པའི་མཚོན་ཆ་མངགས་ཉོ་བྱེད་མཁན་ཡོང་གི་འདུག་ཅེས་བསྒྲགས།།

ཨུ་རུ་སུའི་དབུས་དམག་དོན་ཚན་རིག་ཁང་གི་འགོ་ཁྲིད་ཤུ་གྷ་ཡེབ་ཀྱིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ནས་S-400་རྟགས་ཅན་གྱི་འཕུར་མདེལ་འགོག་སྲུང་མཚོན་ཆ་དང་ཉེ་འཕེན་འཕུར་མདེལ། སུ་༣༠་རྟགས་ཅན་དང་མཱིག་༢༩་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ། ཨུ་རུ་སུའི་ཐད་འཕུར་གནམ་གྲུ་དང་ཁ་ལོ་བ་མེད་པའི་དམག་གི་འཕུར་གྲུ་སོགས་ལ་དམིགས་བསལ་གྱིས་དགའ་མོས་བྱེད་ཀྱི་འདུག་ཅེས་བཀྲལ། ཨུ་རུ་སུའི་དམག་དོན་མི་སྣ་གཞན་ཞིག་གིས་ཀྱང་ང་ཚོས་རྒྱ་གར་ལ་མཁོ་བའི་S-400་རྟགས་ཅན་གྱི་འཕུར་མདེལ་འགོག་སྲུང་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་དུས་ཐོག་ཏུ་རྒྱ་གར་ལ་མཁོ་སྤྲོད་བྱེད་ཐུབ་པ་ཞིག་བྱེད་ཀྱི་ཡིན་ཞེས་ཊ་སི་གསར་འགྱུར་ལས་ཁང་གི་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་ཟླ་བ་ནས་རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་དུ་སྒོ་འབྱེད་བྱས་པའི་༢༠༢༣་ལོའི་རྒྱ་གར་གྱི་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་ཐེངས་༡༤་པའི་ཐོག་ཏུ་ཨུ་རུ་སུས་མཆོན་ཆ་རིགས་མ་འདྲ་བ་༢༠༠་ཡས་མས་ཤིག་བཀྲམ། གཟའ་འཁོར་འདིའི་འགྲེམ་སྟོན་སྐབས་སུ་རྒྱ་གར་གྱིས་ཨ་སྒོར་དུང་ཕྱུར་མང་པོའི་དམག་གི་གནམ་གྲུ་དང་རྒྱལ་ནང་གི་སྐྱེལ་འདྲེན་གནམ་གྲུ་སོགས་བདེམས་གསེས་བྱས་ནས་ཉོ་ཚོང་གི་གྲོས་མཐུན་བཞག རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་གནམ་གྲུ་དེ་རྣམས་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྐྲུན་བྱ་དགོས་པའི་དགོས་འདུན་འདོན་བཏོན། དེ་བཞིན་རྒྱ་གར་གྱིས་བཟོས་པའི་འཕུར་མདེལ་དང་དམག་གི་གནམ་གྲུ་སོགས་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱ་ཐབས་ཀྱི་དམིགས་ཡུལ་བཅངས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༧་ཉིན་ཁེ་རི་ཤིན་ས་དབྱིན་སི་མོ་ཎི་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་གྲབས་ཡོད་པའི་རིང་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་ཕྱིར་ཚོང་བཀག་ནས་དམག་དོན་གྱི་འགྲོ་གྲོན་མེད་པར་གཏོང་ཐབས་སུ་འབད། འདས་པའི་ལོ་གཅིག་གི་རིང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༣༣་མང་དུ་བཏང་འདུག མ་འོངས་པར་འཛམ་གླིང་གི་ཁ་ཕྱོགས་དེ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་གསལ་པོ་རེད། ཨུ་རུ་སུ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འོག་ཏུ་འཚོ་གནས་ཐུབ་ཀྱི་ཡོད་པ་ནི་རྒྱ་གར་སོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱེད་ཀྱི་མེད་པར་ཐུག་འདུག ཨུ་རུ་སུ་དང་རྒྱ་གར་གྱི་ཚོང་ལས་དེས་ཕུགས་རྒྱང་རིང་པོར་ས་ཁམས་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ཐུབ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཨ་ཧྥི་རི་ཀ ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་ཕུ་ཊིན་གྱི་སྲིད་གཞུང་ལ་ཚོང་ལས་བཀག་ནས་གནོན་ཤུགས་སྤྲོད་རྒྱུའི་མོས་མཐུན་མ་བྱས་པར་ཚོང་ལས་དང་ཆབ་སྲིད་ཀྱི་འབྲེལ་བ་རྒྱུན་འཁྱོངས། དེར་བརྟེན་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་ཇི་ལྟར་བྱས་ཀྱང་གནོད་སྐྱོན་དེ་ཙམ་འཕོག་གི་མེད་པ་རེད། འཛམ་གླིང་ལ་ཚོང་འབྲེལ་གསར་པ་ཞིག་དར་གྱི་ཡོད་པ་དེ་ཡུཀ་རེན་གྱི་དམག་འཁྲུག་ལས་ཀྱང་ཡུན་གནས་ཐུབ་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ལྡི་ལི་གསར་པའི་ལྟ་ཞིབ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ནན་དན་ཀིར་ཤ་ནན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་གར་དགའ་མོས་ག་ལ་ཡོད། འོན་ཀྱང་རྒྱ་གར་དང་ཨུ་རུ་སུ་གཉིས་ལ་ཡུན་རིང་གི་འབྲེལ་བ་ཡོད་པ་དང་ཨུ་རུ་སུ་བློས་ཐུབ་ཀྱི་ཟླ་གྲོགས་ཤིག་ཡིན་པ་ར་འཕྲོད་བྱུང་ཡོད། རྒྱ་གར་ལ་རང་གི་གྲོགས་པོ་ཞིག་བློས་གཏོང་འདོད་མེད་པ་དང་རྒྱ་གར་གྱི་འགྲེལ་བཤད་དེར་ཨ་མི་རི་ཀ་སོགས་མོས་མཐུན་འབྱུང་མི་སྲིད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་ཕྱིན་ཅི་ལོག་པའི་སྲིད་ཇུས་བཟུང་བའི་དཔེ་མཚོན་ནི་གྲངས་ལས་འདས་པ་ཞིག་འགོད་རྒྱུ་ཡོད་ཅེས་བསྟན།།

ཁེ་རི་ཤིན་ས་དབྱིན་སི་མོ་ཎི་ཊར་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་གར་གཞུང་གིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་དགོས་ཞེས་གནོན་ཤུགས་ཆེན་པོ་སྤྲད། གལ་ཏེ་རྒྱ་གར་གྱིས་ཁ་རྡུང་གཏོང་མ་ཐུབ་ཀྱང་ཕྱོགས་གཉིས་ལ་ཡུན་རིང་གི་ཆབ་སྲིད་དང་ཚོང་འབྲེལ་ཞིག་ཚུགས་ཡོད་པ་ཤུགས་ཆུང་དུ་ཐོངས་ཞེས་བསྐུལ། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་ལྐོག་ཏུ་ཨུ་རུ་སུའི་བཙན་འཛུལ་ལ་མོས་མཐུན་མེད་ཅེས་གླེང་སློང་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བཞག་པའི་སྐབས་སུའང་རྒྱ་གར་གྱིས་ཨུ་རུ་སུར་སྐྱོན་བརྗོད་ཀྱི་འོས་ཤོག་མ་འཕངས། ཨུ་རུ་སུས་རྡོ་སྣུམ་རིན་གོང་བཅག་ནས་བཙོང་དགོས་ཟེར་བ་དེར་རྒྱ་གར་གྱིས་དགའ་མོས་བྱས་ནས་རྡོ་སྣུམ་ཉོས། ལྡི་ལི་གསར་པའི་ལྟ་ཞིབ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨུན་ཎི་ཀིར་ཤན་ནས་རྒྱ་གར་གྱིས་རང་གི་ཁེ་ཕན་འབའ་ཞིག་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་རྒྱ་གར་གཞུང་གིས་སྒེར་ངོས་ནས་ཨུ་རུ་རུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་དགའ་མོས་མེད་པའི་གོ་བརྡ་སྤྲད། ནུབ་ཕྱོགས་པ་ཚོས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་བར་རྒྱ་གར་མཉམ་ཞུགས་མ་བྱུང་། ཨ་མི་རི་ཀས་ཀྱང་དེ་ལ་མོས་མཐུན་བྱ་དགོས་པར་གྱུར་ཡོད་པར་སྣང་། ད་ལྟ་ཨུ་རུ་སུས་ཨ་སྒོར་སྤྲོད་ལེན་བྱེད་མི་དགོས་པར་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་དང་རྒྱ་གར་གྱི་དངུལ་ལོར་རུ་པི་གཉིས་སྤྲོད་ལེན་བྱས་ནས་ཚོང་འབྲེལ་འཛུགས་ཐབས་བྱེད་ཀྱི་འདུག རྒྱ་གར་གྱིས་རུ་པི་སྤྲད་ནས་ཨུ་རུ་སུའི་རྡོ་སྣུམ་ནང་འདྲེན་བྱས་ཏེ་ཨུ་རུ་སུས་རྒྱ་གར་གྱི་དངུལ་ལོར་རུ་པི་ཧ་ཅང་མང་པོ་གསོག་འཇོག་བྱས་ཡོད་ཅིང་། མ་འོངས་པར་ཨུ་རུ་སུས་རྒྱ་གར་གྱི་དངུལ་ལོར་རུ་པི་དེ་རྣམས་རྒྱ་གར་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བའམ། ཡང་ན་རུ་པི་དེ་དག་གིས་རྒྱ་གར་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུའི་རེ་ལྟོས་འཆང་གི་འདུག་ཅེས་བཤད།།

ཕྱི་ཟླ་༢་པའི་ཚེས་༡༠་ཉིན་ཡ་ཧུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇི་ཏ་དྷོ་ཝལ་ཨུ་རུ་སུར་ཕེབས་ནས་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་ཀྱིས་ལྡི་ལི་གསར་པ་དང་མོ་སི་ཀོའི་འཐབ་ཇུས་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པ་ལག་ལེན་བསྟར་རྒྱུའི་གྲོས་སྡུར་བྱུང་། མོ་སི་ཀོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གིས་རྒྱལ་སྲུང་སློབ་སྟོན་པ་དྷོ་ཝལ་དང་སྲིད་འཛིན་ཕུར་ཊིན་གཉིས་ཀས་ཕྱོགས་ཀྱི་འབྲེལ་བ་དང་མངའ་ཁུལ་གྱི་གནད་དོན་སོགས་ལ་གྲོས་མོལ། རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱིས་འཐབ་ཇུས་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པ་ལག་ལེན་བསྟར་རྒྱུའི་གྲོས་སྡུར་བྱས་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་སྲིད་འཛིན་ཕུ་ཊིན་ནས་རྒྱ་གར་གྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ལ་ཐུག་འཕྲད་བྱས་ཏེ་ཨབ་གྷ་ཎི་སི་ཐན་སོགས་ཀྱི་གནད་དོན་ཁག་ལ་གྲོས་མོལ་བྱས་པ་རེད་ཅེས་གསལ་བསྒྲགས་སྤེལ། ཕུ་ཊིན་ནས་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་དྷོ་ཝལ་ལ་ཚོགས་འདུ་འདི་སྲོལ་རྒྱུན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་ཨབ་གྷ་ཎི་སི་ཐན་གྱི་གནད་དོན་ནི་གལ་འགངས་ཆེན་པོ་ཞིག་རེད། དེང་སྐབས་འཛམ་གླིང་གི་ས་གནས་གང་སར་འཁྲུག་རྩོད་མང་པོ་ལངས་ཡོད་པ་དང་ཡུཀ་རེན་གྱི་ཕྱོགས་སུའང་འཁྲུག་རྩོད་ལངས་ཡོད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན། ཡུཀ་རེན་གྱིས་ཨ་མི་རི་ཀར་རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་མཱེ་རེ་ཞན་ཀོས་རྒྱ་དཀར་ནག་གཉིས་ཀྱིས་ཨུ་རུ་སུར་ཚོང་འབྲེལ་བཙུགས་ནས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པར་ཉེས་ཆད་འཕར་མ་གཅོད་དགོས། ཐེ་ཝན་ལ་འབྲེལ་བ་རྒྱ་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་ལ་འབྲེལ་བ་དམ་ཟབ་འཛིན་དགོས། རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པར་ཉེས་ཆད་གཅོད་རྒྱུ་མིན་པའི་ལངས་ཕྱོགས་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG