ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིར་ཏོག་དབྱིབས་ནད་དུག་གིས་མི་༡༡༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ།


ཕྱི་ཟླ་༦་པའི་ཚེས་༨་གྱི་ཞོགས་པའི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༡༡༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ་དང་མི་༢༠༠༠༠༠༠་མ་ཟིན་ཙམ་ལ་ནད་དུག་འགོས། ཉེ་ཆར་ཨ་རིའི་ཉེན་རྟོག་པའི་རྩུབ་སྤྱོད་འོག་ཏུ་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོའི་སྐྱེས་པ་ཞིག་རྐྱེན་འདས་སུ་གྱུར་ནས་བཟུང་། ཨ་རིའི་གྲོང་ཁྱེར་ཕལ་མོ་ཆེར་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གྱི་ལས་འགུལ་ལངས། མི་གྲངས་སྟོང་ཕྲག་པོ་མཉམ་དུ་འདུས་ནས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལ་བརྩི་མེད་གཏོང་གི་ཡོད་པས་ཨ་རིའི་རྒྱལ་ཡོངས་སུ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིཡོད་པ་སྟེ། འདས་པའི་ཉིན་ལྔའི་རི་ལ་ཨ་རིའི་ཧྥུ་ལོ་རི་ཌ་མངའ་སྡེ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༠༠༠་ལྷག་ཐོན། ཕྱི་ཟླ་༥་པའི་ཚེས་༣༡་ནས་ད་ལྟའི་བར་དུ་ཨ་ལ་བྷ་མ་དང་ལྷོ་ཁེ་རོ་ལེ་ན། ཝྭིར་ཇཱི་ཎི་ཡ་སོགས་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་འགའ་ཞིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བརྒྱ་ཆ་༣༥་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ནང་དུ་ཨ་རིའི་རྒྱལ་ཡོངས་སུ་ཉིན་ལྟར་ཆ་མཉམ་མི་༢༠༠༠་རེ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་མོད། དེང་སྐབས་ཨ་རིའི་རྒྱལ་ཡོངས་སུ་ཆ་མཉམ་ཉིན་ལྟར་མི་༡༠༠༠་ཡས་མས་རེ་ལས་འདས་གྲོངས་སུ་འགྱུར་གྱི་མེད་པ་དང་དེ་རིང་གཟའ་ཟླ་བ་ནས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་ཚོང་ལས་ཁག་བསྐྱར་དུ་སྒོ་ཕྱེ། ཟླ་བ་སྔོན་མར་ཨ་རིའི་བཟོ་ཚོང་ལས་ཁང་ཁ་གིས་མི་ས་ཡ་༢་ལྷག་ལ་ལས་ཀ་གསར་པ་གོ་སྒྲིག་ཐུབ་ཡོད་པས་ད་ལྟའི་ཆར་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་བརྒྱ་ཆ་༡༣་ལྷག་ཡིན་འདུག

བྷར་ཛིལ་དུ་༢༠༢༠།༦།༧ ཉིན་ཏོག་དབྱིབས་རིམས་ནད་ཀྱི་འདས་པོ་དུར་འཇུག་བྱེད་བཞིན་པ།
བྷར་ཛིལ་དུ་༢༠༢༠།༦།༧ ཉིན་ཏོག་དབྱིབས་རིམས་ནད་ཀྱི་འདས་པོ་དུར་འཇུག་བྱེད་བཞིན་པ།

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ཛིལ་ལ་ཏོག་དབྱིབས་ནད་དུག་གིས་མི་༣༦༠༠༠་ལྷག་ལ་འཆི་སྐྱོན་དང་མི་༦༧༢༠༠༠་ལྷག་ནད་དུག་འགོས། གཟའ་སྤེན་པ་ནས་བྷར་ཛིལ་གཞུང་གིས་འདས་པའི་ཟླ་བ་མང་པོར་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲོངས་འབོར་ཅི་བྱུང་རྣམས་ནག་སུབ་བྱས་འདུག ཨ་མི་རི་ཀའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ཨ་མི་རི་ཀའི་འཕྲོ་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་མང་ཤོས་བྱུང་ཞིང་། བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་རྒྱལ་ཁབ་དེའི་མངའ་སྡེ་ཁག་དང་གྲོང་ཁྱེར་སྲིད་གཞུང་ཁག་ིས་ཐོ་འགོད་བྱས་པའི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་རྣམས་ཕྱོགས་བསྡུ་བྱེད་བཞིན་ཡོད། བྷར་ཛིལ་གཞུང་གིས་ནད་རྟགས་ཐོན་པའི་ནད་པ་དང་སྨན་བཅོས་བྱེད་ཀྱི་ཡོད་པའི་ནད་པ་གསར་པའི་གཞི་གྲངས་ཞིབ་ཚགས་ཤིག་ཕྱོགས་བསྡུ་བྱ་དགོས་ཀྱི་འདུག་ཅེས་བསྒྲགས། གཟའ་མཇུག་དེ་ནས་བྷར་ཛིལ་གཞུང་གིས་ཆུ་ཚོད་༢༤་རེའི་ནང་དུ་ནད་པ་གསར་པ་ཅི་བྱུང་དང་མི་ལ་འཆི་སྐྱོན་ཅི་བྱུང་། ནད་པ་ཅི་ཙམ་དྲག་སྐྱེད་བྱུང་མིན་རྣམས་མི་དམངས་ལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་སྤྱི་ཡོངས་ཀྱི་གྲངས་འབོར་ཁྱབ་བསྒྲགས་བྱ་རྒྱུ་མཚམས་འཇོག་བྱས་དོན་ཅི་ཡིན་ལ་འགྲེལ་བཤད་གསལ་པོ་ཞིག་མ་བརྒྱབ སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིབས་རིམས་ནད་ནི་ཚབས་ཆེན་ཞིག་མ་རེདབྷར་ཛིལ་རྒྱལ་ཁབ་ལ་འགྲོ་འོང་འགོག་དགོས་དོན་མེད། ཧ་ལས་ན་ཏོག་དབྱིབས་རིམས་ནད་ཆམ་རིམས་ལྕི་མོ་ཞིག་ཡིན་སྲིད་ཅེས་ཚབས་ཆེའི་འགོས་ནད་འདིར་སྣང་ཆུང་བྱས་ནས་སྔོན་འགོག་ཅི་ཡང་བྱས་མེད་པས་བྷར་ཛིལ་རྒྱལ་ཁབ་ཚད་འདིར་ལྷུང་ཡོད་པ་རེད

ཨུ་རུ་སུའི་ནང་དུག་སེལ་བྱེད་བཞིན་པ།
ཨུ་རུ་སུའི་ནང་དུག་སེལ་བྱེད་བཞིན་པ།

ཨུ་རུ་སུར་ཕྱི་ཟླ་༦་པའི་ཚེས་༨་བར་དུ་ཏོག་དབྱིབས་ནད་དུག་གིས་མི་༥༩༧༡་ལ་འཆི་སྐྱོན་དང་མི་༤༧༦༦༥༨་ལ་ནད་དུག་འགོས། ད་དུང་ཡང་ཨུ་རུ་སུ་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྔོན་འགོག་ནན་པོ་ཞིག་བྱེད་ཐུབ་ཀྱི་ཡོད་པའི་རྟགས་མཚན་དབེན། ཁ་སྔོན་ཕྱི་ཟླ་༤་པར་ཨུ་རུ་སུའི་རིམས་ནད་སྔོན་འགོག་ཁང་གི་འགོ་ཁྲིད་མཱི་ཡ་སི་ཎི་ཀོབ་ཀྱིས་ང་ཚོའི་རྒྱལ་ཁབ་འདིར་ཏོག་དབྱིབས་རིམས་ནད་ཁྱབ་མི་སྲིད། དེའི་རྒྱུ་མཚན་ནི་ཨུ་རུ་སུ་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་པའི་ཚད་གཞི་ནི་བརྒྱ་ཆ་༠་༠་རེད་ཅེས་བསྒྲགས། ཡིན་ནའང་ཕྱི་ཟླ་༦་པའི་མགོ་སྟོད་དུ་ཨུ་རུ་སུ་འཛམ་གླིང་གི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ཚབས་ཆེན་ཨང་གསུམ་པ་དེར་གྱུར། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༣༠་ནས་ཨུ་རུ་སུའི་གཞུང་གིས་རྒྱ་ནག་ལ་ས་མཚམས་དབྱིན་ལེ་༢༦༡༥་ཡོད་པ་རྣམས་སྒོ་བརྒྱབ། ཨུ་རུ་སུ་ས་རྒྱ་ཆེ་བ་དང་མི་འབོར་ཉུང་བ། རྒྱལ་ཁབ་དེའི་འཕྲོད་བསྟེན་ལམ་ལུགས་ལ་འགོག་ནད་དང་ནད་ཡམས་ཀྱི་རིགས་ལ་འགོག་རྒོལ་བྱས་པའི་ཉམས་མྱོང་ཡོད་པས་མོ་སི་ཀོ་ལྟ་བུའི་གྲོང་ཁྱེར་ཆེ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྔོན་འགོག་བྱ་རྒྱུ་གཙིགས་སུ་བཟུང་འདུག ཨུ་རུ་སུའི་མི་འབོར་དང་ས་ཁྱོན། འཕྲོད་བསྟེན་ལམ་ལུགས་བཅས་ལ་གཞིགས་ན་ཨ་མི་རི་ཀ་ལྟར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་དཀའ་བ་ཞིག་ཏུ་སྣང་། ད་སྔ་ཨུ་རུ་སུའི་གཞུང་གིས་ཚོད་ལྟ་ཁང་༢༠༠་ལྷག་གི་ནང་དུ་མི་༡༠༠༠༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཟིན། ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་ཚོར་ཅི་ཙམ་བརྟག་དཔྱད་མགྱོགས་པོ་བྱེད་ཐུབ་ན་དེ་ཙམ་གྱིས་རིམས་ནད་སྔོན་འགོག་བྱ་རྒྱུ་དེར་ནུས་པ་ཐོན། རྒྱལ་སྤྱིའི་འཕྲོད་བསྟེན་ལས་སྣེ་ཚོས་ཨུ་རུ་སུའི་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ངོ་མ་ཕྱིར་བསྒྲགས་བྱེད་ཀྱི་མི་འདུག ཨུ་རུ་སུར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ངོ་མ་ནི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ལྡབ་གཅིག་མང་བ་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

རྒྱ་གར་ལ་ཁ་སང་གཟའ་ཉི་མའི་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠༠༠་མ་ཟིན་ཙམ་ཞིག་བྱུང་ཞིང་། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་མི་༦༩༢༩་ལ་འཆི་སྐྱོན་དང་མི་༢༤༦༦༢༨་ལ་ཏོག་དབྱིབས་ནད་དུག་འགོས། གཟའ་ཉི་མ་ནས་མི་༢༠༦་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེའི་ཁོང་ནས་མི་༩༡་མ་ཧ་ར་ཤི་ཊི་ར་མངའ་སྡེའི་ནང་དུ་གྲོངས། མི་༣༠་ཐམ་པ་གུ་ཇི་ར་ཐེ་མངའ་སྡེའི་ནང་དུ་གྲོངས། ཏ་མིལ་ན་དྷུ་དངཨུ་དྷ་པར་དྷེ་ཤི་མངའ་སྡེ་གཉིས་སུ་མི་༡༨་རེ་འདས་གྲོངས། ནུབ་ངྒ་ལ་དང་མ་དྷེ་པུར་དྷེ་ཤི་མངའ་སྡེར་མི་༡༣་རེ་འདས་གྲོངས། ར་ཇི་སི་ཐན་མངའ་སྡེར་མི་༩་འདས་གྲོངས། ཨན་དྷར་པུར་དྷེ་ཤི་དང་ཀར་ན་ཊ་ཀ འཇའ་མུ་ཀ་ཤི་མིར་དང་ཨུ་དྷར་ར་ཁན་བཅས་སུ་མི་༢་རེ་འདས་གྲོངས། ཨོ་རི་ས་དང་པན་ཇབ་མངའ་སྡེར་མི་གཅིག་རེ་འདས་གྲོངས་སུ་གྱུར་པའི་གཞི་གྲངས་ཤིག་བསྒྲགས། རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ནཕྱི་ཟླ་༦་པའི་ཚེས་༨་ནས་རྒྱ་གར་གཞུང་གིས་དུས་ཡུན་བདུན་ཕྲག་༡༠་ལ་འགྲོ་འོང་བཀག་སྡོམ་བྱས་པ་ཕྱི་འཐེན་བྱ་རྒྱུ། རྒྱ་གར་གྱི་ཚོང་ཁང་ཆེ་ཁག་དང་མགྲོན་ཁང་ཁག ལྷ་ཁང་ཁག་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ ད་སྔ་རྒྱ་གར་རྒྱལ་ནང་གི་མེ་འཁོར་འགྲིམ་འགྲུལ་དང་མཁའ་ལམ་འགྲིམ་འགྲུལ་ཁག་ཅིག་སྒོ་ཕྱེ་ཟིན་ཡོད་ཅིང་། ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་ཡི་མེད་པའི་ས་གནས་ཁག་ལ་དྲྭ་ལམ་དུ་མངགས་ཉོ་བྱས་པའི་དངོས་ཟོག་རྣམས་སྐྱེལ་འདྲེན་བྱ་རྒྱུ་འགོ་ཚུགས། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པའི་གཞི་གྲངས་ལྟར་ན་རྒྱ་གར་ནི་འཛམ་གླིང་འདིའི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ཛ་དྲག་ཆེ་བའི་རྒྱལ་ཁབ་ཨང་༥་པ་དེར་གྱུར། རྒྱ་གར་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུགའགོས་པའི་ནད་པ་མང་ཤོས་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ནི་མ་ཧ་ར་ཤི་ཊི་ར་དང་ཏ་མིལ་ན་དྷུ། རྒྱལ་ས་ལྡི་ལི་བཅས་ཡིན་པར་མ་ཟད རྒྱ་གར་གྱི་མི་འབོར་ལ་གཞིགསན་ཏོག་དབྱིབས་ནད་དུག་གི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བ་ཧ་ཅང་ཉུང་ཉུང་ཞིག་འདུག འོན་ཀྱང་རྒྱ་གར་གཞུང་གིས་མི་གྲངས་ཉུང་ཤས་ལ་མ་གཏོགས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་མེད་པས་རྒྱ་གར་གྱི་དབུལ་གྲོང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་པོ་ཞིག་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད་པའི་ཉེན་ཁ་ཡོད་པ་རེད།།

ཐོག་མར་ན་ནིང་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུལྷོ་ཀོ་རི་ཡ་རིམས་ནད་ཁྱབ་ཡུལ་གཙོ་བོ་ཞིག་ཏུ་གྱུར། ལྷོ་ཀོ་རི་ཡའི་གཞུང་གིས་འཕྲལ་དུ་རིམས་ནད་ཁྱབ་ཡུལ་གྱི་ས་གནས་ཁག་ལ་འགྲིམ་འགྲུལ་བཀག་པ་དང་ཡེ་ཤུའི་ཆོས་ཚོགས་ཁག་སྒོ་བརྒྱབ། མི་འབུམ་ཕྲག་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་སྟབས་ཀྱིས་ལྷོ་ཀོ་རི་ཡས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་འཕྲལ་དུ་སྔོན་འགོག་ཐུབ་ཡོད། ཟླ་བ་སྔོན་མར་ལྷོ་ཀོ་རི་ཡས་ཚོང་ལས་དང་སྤྱི་གླིང་སོགས་བསྐྱར་དུ་སྒོ་ཕྱེ། ཟླ་བ་འདི་ནས་ལྷོ་ཀོ་རི་ཡའི་སློབ་གྲྭ་ཁག་ཀྱང་སྒོ་ཕྱེ། འོན་ཀྱང་གཟའ་མཇུག་དེར་ལྷོ་ཀོ་རི་ཡ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༠་ལྷག་ཐོན། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་གིས་རྒྱལ་ས་སོལ་དང་དེ་མིན་གྱི་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་འབྱུང་སྲིད་པར་དོགས་ཟོན་དང་སྔོན་འགོག་ལས་ཐབས་ནན་པོ་ཞིག་ལག་ལེན་བསྟར་འགོ་ཚུགས། ད་ལྟའི་བར་དུ་ཁྱོན་བསྡོམས་ལྷོ་ཀོ་རི་ཡར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༡༧༧༦་བྱུང་རུང་མི་ལ་འཆི་སྐྱོན་བྱུང་བའི་གྲོངས་འབོར་༢༧༣་ལས་བྱུང་མེད། ༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་ཀྱིས་ཨ་མི་རི་ཀ་དང་བྷར་ཛིལ། ཨུ་རུ་སུ་དང་དབྱིན་ཇི། ཨི་ཊ་ལི་དང་སི་ཕེན་སོགས་རྒྱལ་ཁབ་༢༠་པར་གནོད་འཚེ་ཚབས་ཆེན་ཕོག ད་ལྟ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༤༠༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་༧༠༠༠༠༠༠་མ་ཟིན་ཙམ་ལ་དུག་འགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་མ་ཐུབ་ཚེ། དཔལ་འབྱོར་དང་སྨན་བཅོས་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༡༩༠༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་འབྱུང་སྲིད་པའི་ཉེན་ཁ་འདུག་ཅེས་གསལ་བསྒྲགས་སྤེལ། ཡིན་ནའང་གཏམ་བཟང་ཞིག་ལ་ཕྱི་ཟླ་༦་པའི་ཚེས་༨་ཉིན་ནེའུ་ཛི་ལན་ཌི་རྒྱལ་ཁབ་ཀྱིས་ཏོག་དབྱིབས་རིམས་ནད་རྩ་མེད་བཏང་ཟིན། ད་ལྟ་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་འགོ་ཡི་ཡོད་པའི་ནད་པ་གཅིག་ཀྱང་འཐོན་རྒྱུ་མི་འདུག་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG