ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༠༨

ཨ་རིས་བལ་ཡུལ་ལ་བོད་པའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་གིས་ཡུལ་དེར་གནས་འཁོད་བོད་པ་བཙན་བྱོལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ཟླ་བ་འདིའི་ཚེས་༨་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཊོམ་ལཱན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཁང་གི་གཙོ་འཛིན་ཇཱེམ་སི་མེཀ་གྷ་ཝྭན་དང་གཙོ་འཛིན་ཁེ་རི་སི་སི་མཱི་ཐེ་གཉིས་ཀྱིས་བལ་གྱི་གཞུང་ཚབ་པ་ཨཱར་ཇུན་ཀུ་མར་ཀར་ཀི་ལ་ཡི་གེ་བཏང་སྟེ། བལ་ཡུལ་སྲིད་གཞུང་གིས་ཡུལ་དེའི་ཁྲིམས་འོག་ཏུ་གནས་འཁོད་བོད་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་དགོས་ཞེས་བཀོད།

ཁོང་གཉིས་ཀྱིས་བྲིས་པའི་ཡི་གེའི་དེའི་ནང་དུ་བར་ལམ་སྤྱི་ཟླ་༩་པའི་ཚེས་༥་ཉིན་བོད་ནས་བོད་པ་༦་བལ་ཡུལ་དུ་འབྱོར་ནས་སྐྱབས་བཅོལ་ཞུ་རྒྱུའི་འབད་བརྩོན་བྱས་ཀྱང་བལ་ཡུལ་གཞུང་གིས་བོད་པ་དེ་རྣམས་ཕྱིར་སློག་བྱས་པ་མིག་མཐོང་བྱུང་བའི་མི་ཚོས་འགྲེལ་བརྗོད་བྱས་པ་རྣམས་ལུང་འདྲེན་གྱིས་བོད་པ་དེ་རྣམས་སྤྱི་ཟླ་༩་པའི་ཚེས་༥་ཉིན་རྐང་ཐང་དུ་ཀླུ་མེ་ས་གནས་སུ་སླེབས་མོད། འོན་ཀྱང་སྐབས་དེར་བལ་ཡུལ་གྱི་མཐའ་མཚམས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་བོད་པ་དེ་ཚོར་ལག་ལྕགས་བརྒྱབ། ཁོ་ཚོ་ཀར་ནཱ་ལི་མངའ་སྡེའི་ཧུམ་ལ་རྫོང་གི་སི་མིག་དཱོ་ཟེར་སར་ཁྲིད། དགོང་མོ་དེ་རང་ལ་བོད་པ་དེ་ཚོ་རྒྱ་ནག་གི་མཐའ་མཚམས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་ཐེར་འདོན་བྱས་འདུག

ཡི་གེ་དེར་མུ་མཐུད་དུ་གོང་གི་དཔེ་མཚོན་དེས་བལ་ཡུལ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་སྤྲད་པའི་འགན་འཁྲི་སྟེ། ཕྱིར་སློག་བྱས་པའི་མི་ལ་ཕྱིར་སློག་ཡུལ་རྒྱལ་ཁབ་དེས་མནར་སྤྱོད་གཏོང་གི་ཡོད་ན་མི་དེ་ཕྱིར་སློག་བྱེད་མི་ཆོག་པའི་འགྲོ་ལུགས་ལ་བརྩི་མེད་བཏང་བ་ཞིག་རེད་ཅེས་འཁོད། བོད་པ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱས་ན་མནར་སྤྱོད་ཕོག་གི་ཡོད་པ་ནི་ཀུན་གསལ་ཞིག་ཡིན་པས་བྱ་སྤྱོད་འདི་རྣམས་བལ་ཡུལ་གྱིས་ཡུན་རིང་ནས་བཟུང་བའི་ལང་ཕྱོགས་ཏེ། བལ་ཡུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གིས་སྐྱེས་ཕོ་རབ་ཀྱི་གྲོས་མཐུན་ཟེར་བ་ཞིག་བཞག་སྟེ་བོད་པ་ཚོ་བལ་ཡུལ་བརྒྱུད་ནས་འགྲོ་སྐྱོད་ཆོག་པའི་མོས་མཐུན་བྱས་པར་བརྩིས་མེད་དང་རྒྱབ་འགལ་བྱས་ཡོད་པའི་རྟགས་མཚན་གསལ་པོ་འདུག་ཅེས་བྲིས།

ཡི་གེ་དེ་བརྒྱུད་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་བལ་ཡུལ་གཞུང་གིས་རྒྱུན་རིང་ནས་བོད་པའི་ཐོག་ཏུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་ལངས་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པར་བློ་ཚབ་ཡོད་པ་གསལ་སྟོན་དང་། བལ་ཡུལ་གཞུང་གིས་བོད་པ་ཚོ་ཕྱིར་སློག་བྱེད་པའམ། ཡང་ན་བལ་ཡུལ་དུ་གནས་འཁོད་བོད་པ་ཚོས་ལས་འགུལ་གང་ཡང་མ་སྤེལ་སྔོན་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་རྣམས་མཚམས་འཇོག་བྱ་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

XS
SM
MD
LG