ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱེད་ཆོག་ཅེས་འོས་ཤོག་འཕངས། འདས་པའི་ཟླ་བ་༣་ལྷག་ལ་ཧོང་ཀོང་མི་མང་གིས་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་བྱས་པས་ཨ་མི་རི་ཀས་ཡུན་རིང་མི་འགོར་པར་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་འཇོག་ཐུབ་རྒྱུ་ཡིན་ཞིང་། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱེད་ཆོག་པའི་འོས་ཤོག་འཕངས་ཏེ་ཨ་མི་རི་ཀས་ཧོང་ཀོང་ལ་འཛིན་པའི་དམིགས་བསལ་ཚོང་ལས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་བྱུང་འདུག ད་ནས་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཁྲིམས་གཞི་དེ་ཨ་རིའི་གྲོས་ཚོགས་འོག་མར་མཚམས་སྦྱོར་བྱ་རྒྱུ་དང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མ་ཁ་ནོས་ཁྲིམས་གཞི་དེ་ཨ་རིའི་གྲོས་ཚོགས་གོང་མར་མཚམས་སྦྱོར་བྱ་རྒྱུ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་དེར་འོས་ཤོག་འཕེན་དུ་འཇུག་འཆར་ཡོད་པ་རེད།

ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་འཇོག་པར་ཉུང་མཐར་ཡང་ཨ་རིའི་གྲོས་ཚོགས་འོག་མར་འཐུས་མི་༢༡༨་ཀྱི་རྒྱབ་སྐྱོར་དང་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༥༡་གི་རྒྱབ་སྐྱོར་འཐོབ་དགོས། གལ་སྲིད་ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དེའི་ཟིན་བྲིས་ལ་འགྱུར་བ་གཏོང་དགོས་ན་ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀྱི་ལས་སྣེ་ཚོ་ལྷན་འཛོམས་ཀྱིས་རྗོད་ཚིག་ལ་ལེགས་བཅོས་གཏོང་ཆོག དེ་ནས་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པའི་ཁྲིམས་གཞི་དེ་སྲིད་འཛིན་ལ་འབུལ་ལམ་ཞུ་རྒྱུ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉིན་བཅུའི་ནང་ཚུད་དུ་ཁྲིམས་གཞི་དེར་མོས་མཐུན་ཡོད་པའི་མཚན་རྟགས་འགོད་པའམ། ཡང་ན་ཁྲིམས་གཞི་དེར་མོས་མཐུན་མེད་ཅེས་ཆོད་སློག་གཏོང་དགོས། སྲིད་འཛིན་གྱིས་ཁྲིམས་གཞི་དེར་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་ན་སྲིད་གཞུང་གིས་ལག་ལེན་བསྟར་དགོས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་གྱི་ཡོད་ཅིང་། དེང་སྐབས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཧོང་ཀོང་གི་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་མང་པོ་ཡོད་པར་མ་ཟད། གཟའ་འཁོར་འདིར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་གཏམ་བཤད་བྱས་ནས་༡༩༨༤་ལོར་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་ཞིག་བཞག་ཡོད་པའི་འབྲུ་དོན་ཁག་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ཉེ་དུས་ཤིག་ནས་ཧོང་ཀོང་མི་མང་རྣམས་གྲོང་ཁྱེར་དེར་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་མདུན་དུ་འཛོམས་ནས་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་དགོས་ཞེས་སྐད་འབོད་བྱས་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྲིད་དོན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་རྩོད་པ། རྒྱལ་ཁབ་ཀྱི་ལས་དོན་སྣ་མང་ཞིག་ལ་གྲོས་བསྡུར་དང་ཐག་གཅོད་བྱ་དགོས་པས་ཨ་རིའི་གྲོས་ཚོགས་སུ་གྲོས་ཆོད་ཅིག་འཇོག་རྒྱུ་དེར་ནར་འགྱངས་འགྲོ་ཡི་ཡོད་མོད། འོན་ཀྱང་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་འཇོག་རྒྱུ་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་སྲིད་དོན་ཚོགས་པ་གཉིས་ཀས་རང་གི་ལྟ་བ་དང་ལངས་ཕྱོགས་བརྩད་ནས་འགོག་རྐྱེན་འབྱུང་གི་མེད་པས་མ་འོངས་པར་མགྱོགས་མྱུར་གྱིས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་འཇོག་ཐུབ་རྒྱུ་ཡིན་ཞིང་། ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་དེར་ཨ་རིའི་གཞུང་གིས་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་ལོ་ལྟར་ཞིབ་འཇུག་བྱ་དགོས་པ་དང་ཨ་མི་རི་ཀས་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ལག་ལེན་ཚུལ་བཞིན་བསྟར་རྒྱུ། ཨ་མི་རི་ཀས་ཧོང་ཀོང་ལ་བཀོལ་སྤྱོད་གཉིས་ལྡན་གྱི་ཅ་ལག་བཙོང་རྒྱུ་བཀག་འགོག་བྱེད་ཡོད་པ་སོར་གནས་དགོས་པ། ཨ་མི་རི་ཀས་ཧོང་ཀོང་ལ་ཕྱིར་ཚོང་བྱས་པའི་དངོས་ཟོག་ཁག་ཅིག་ཧོང་ཀོང་ནས་རྒྱ་ནག་ལ་སྐྱེལ་འདྲེན་དང་ཕྱིར་ཚོང་བྱེད་མི་ཆོག་པའི་ཐག་གཅོད་བྱས་འདུག

ད་དུང་ཁྲིམས་གཞི་དེར་ཧོང་ཀོང་གི་གཞི་རྩའི་རང་དབང་ལ་རྡོག་བརྫིས་གཏོང་མཁན་དང་ཧོང་ཀོང་གི་ས་ཐོག་ཏུ་གཏམ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་མཁན་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པའི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་མཁན་རྣམས་ཨ་མི་རི་ཀས་ངོ་ཐག་གཅོད་རྒྱུ། ཨ་རིའི་གཞུང་གིས་རྒྱ་ནག་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་པའི་སྐུལ་ལྕག་གཏོང་རྒྱུ། ལོ་རྗེས་མ་ནས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་ཧོང་ཀོང་མི་དམངས་ལ་དམངས་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱེད་དུ་འཇུག་རྒྱུ་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱ་དགོས་ཞེས་བཀོད། གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་པར་ངོ་རྒོལ་ཡོད། རྒྱ་ནག་གིས་ཨ་མི་རི་ཀར་ལན་པ་ནན་པོ་སློག་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་དེ་བསམ་བཞིན་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཐབས་ཇུས་ཤིག་ཡིན་པ་དང་ཁྲིམས་འཆར་དེས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་ཡར་རྒྱས་གོང་འཕེལ་ལ་བཀག་སྐྱིལ་བྱ་རྒྱུའི་བསམ་ངན་འཆང་ཡོད་པ་གསལ་སྟོན་བྱུང་བ་རེད། ཁྲིམས་གཞི་དེ་འདྲ་ཞིག་གཏན་འབེབས་བྱུང་ན་ཧོང་ཀོང་གི་དྲག་ཐལ་པ་ཚོས་སྔར་ལས་ལྷག་པའི་དྲག་ཟིང་སློང་རྒྱུ་དང་ཧོང་ཀོང་སྔར་ལས་ལྷག་པའི་དྲག་ཟིང་གི་ཀློང་དུ་རྫོང་ཉེན་འདུག་ཅེས་སྐྱོན་བརྗོད་བྱས་འདུག

༡༩༩༧་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་སྐབས་སུ་མངའ་ཁུལ་དེར་ལོ་༥༠་རིང་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་རིམ་བཞིན་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྣམས་མེད་པར་བཏང་ནས་ཧོང་ཀོང་རྒྱ་ནག་གི་གྲོང་ཁྱེར་ལྟ་བུ་ཞིག་ལ་སྒྱུར་གྱི་ཡོད་ཅིང་། ད་ལོའི་ཕྱི་ཟླ་༦་པར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། དོགས་ཅན་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་གྲོས་གཞི་བཏོན་པས་ཧོང་ཀོང་མི་དམངས་ས་ཡ་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་ཕྱིར་སློག་གི་གྲོས་གཞི་ཕྱིར་བསྡུ་བྱ་དགོས་བྱུང་ཡོད། ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀྱིས་འོས་ཤོག་མ་འཕངས་སྔོན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་བསྐོངས་ཏེ་མགྲིན་ཚབ་པ་གེང་ཧྲུང་གིས་༡༩༨༤་ལོར་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་རྩིས་ལེན་གྱི་གྲོས་མཐུན་བཞག་པ་ཧོང་ཀོང་གི་ལས་དོན་ལ་ཐེ་གཏོགས་བྱ་སྤྱད་ཅིག་ལ་བཀོལ་སྤྱོད་མི་བྱེད་པའི་རེ་བ་ཡོད། ང་ཚོས་ཨ་མི་རི་ཀར་རྒྱ་ནག་གི་བདག་དབང་ལ་བརྩི་འཇོག་བྱ་དགོས་པ་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཨ་མི་རི་ཀས་འགན་འཁྲི་མི་ལེན་པའི་གསལ་བསྒྲགས་སྤེལ་རྒྱུ་མཚམས་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བསྒྲགས་སོ།།

XS
SM
MD
LG