ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

ཨ་རི་དང་ཉི་ཧོང་གི་ཐེ་ཝན་སྲུང་སྐྱོབ་འཆར་གཞི། 


༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་གྱི་ཉེན་ཁ་དང་ཕྱི་འབྲེལ་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཐེ་ཝན་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་འཆར་འགོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀ་དང་ཉི་ཧོང་གི་ཐེ་ཝན་སྲུང་སྐྱོབ་འཆར་གཞི་དེའི་ཞིབ་ཕྲ་ཁག་གཏན་ནས་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་དངོས་སུ་བཙན་འཛུལ་བྱེད་ཚེ། ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་པའི་ཛ་དྲག་གི་འཆར་གཞི་ཞིག་འགོད་དགོས་པའི་གླེང་སློང་བྱུང་། ཐོག་མར་འཆར་གཞི་དེ་ཨ་རིའི་ཞི་བདེ་རྒྱ་མཚོའི་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་པ་དང་ཉི་ཧོང་གི་རང་སྲུང་དམག་གི་འགོ་ཁྲིད་ཚོས་ཟིན་བྲིས་བཏབ། འཆར་གཞི་དེར་ཛ་དྲག་ཅེས་མིང་བཏགས་ཡོད་ལུགས་དང་དེ་ནི་འཆར་གཞི་དེ་འདྲ་ཞིག་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་པ་ཐེངས་དང་པོ་ཡིན་ཞིང་། ཉི་ཧོང་དང་ཨ་རིའི་འཆར་གཞི་དེར་ཉི་ཧོང་གི་དམག་དང་ཨ་རིའི་སྐམ་མཚོའི་དམག་དཔུང་རྣམས་ཐེ་ཝན་ལ་ཁ་ཐག་ཧ་ཅང་ཉེ་བའི་ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་ཁག་གི་ཐོག་ཏུ་འགྲེམ་འཇོག་བྱ་རྒྱུ། ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་ཁག་ཏུ་ཨ་རིའི་དམག་དཔུང་དང་སྐྱེལ་འདྲེན་སྟབས་བདེའི་མེ་སྒྱོགས་དཔུང་སྡེ། སྡེབ་འཕེན་འཕུར་མདེལ་དཔུང་སྡེ་རྣམས་འཇོག་འཆར་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་ཀྱང་ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་གང་གི་ཐོག་ཏུ་ཨ་རིའི་དམག་དཔུང་འཇོག་རྒྱུ་ཡིན་མིན་གྱི་གསལ་ཁ་མ་ཐོན། ཉི་ཧོང་གི་སྣེའི་གླིང་ཕྲན་དེ་རྣམས་ཨ་རིའི་དམག་སྒར་ལྟེ་བ་ཉི་ཧོང་གི་ཨོ་ཁི་ན་ཝ་གླིང་ཕྲན་གྱི་ཉེ་འཁྲིས་སུ་ཆགས་ཡོད་པ་རེད།།

ཉི་ཧོང་གི་ཁིའོ་དྷོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ཉི་ཧོང་གི་འཆར་གཞི་དེར་ཐེ་ཝན་གྱི་ཛ་དྲག་ཅེས་མིང་བཏགས་ཡོད་མོད། འོན་ཀྱང་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་མ་བྱས་ན་རང་གི་བདེ་འཇགས་དང་ཞི་བདེ་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་མི་དམངས་ལ་གསལ་སྟོན་བྱ་དགོས་ཐུག་ངེས་རེད་ཅེས་བཀོད། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཀི་ཤཱིས་ཨ་རི་དང་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་མེད་ལ་ངེས་གཏན་གང་ཡང་མ་བྱུང་། ཁོང་གིས་གལ་སྲིད་འཆར་གཞི་དེ་འདྲ་ཞིག་ཟིན་བྲིས་བཏབ་ཡོད་པ་བདེན་ན་ཨ་རི་དང་ཉི་ཧོང་གི་དམག་དཔུང་མཉམ་འབྲེལ་བཀོད་འདོམས་ཀྱི་གྲོས་མཐུན་ཞིག་བཞག་ནས་ལག་ལེན་བསྟར་དགོས་ངེས་རེད། ༢༠༡༥་ལོར་ཨ་རི་དང་ཉི་ཧོང་གཉིས་ཀྱིས་གཏན་འབེབས་བྱུང་བའི་ལམ་སྟོན་གྲོས་མཐུན་དེར་ཕྱོགས་གཉིས་ཀས་མཉམ་འབྲེལ་དམག་འཐབ་ཀྱི་འཆར་གཞི་འགོད་ཆོག ཨ་རི་དང་ཉི་ཧོང་གི་རང་སྲུང་དམག་གིས་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་མཉམ་སྒྲུབ་བྱེད་ཆོག་པ་སོགས་འཁོད་ཡོད་ཅེས་གསལ་བཀྲོལ་བྱུང་། ཁོང་ལ་བསྐྱར་དུ་ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་ཁག་གི་ཐོག་ཏུ་ཨ་མི་རི་ཀའི་སྐམ་མཚོའི་དཔུང་སྡེའི་དམག་སྒར་ཆགས་རྒྱུ་ཡིན་ནམ་ཞེས་དྲིས། རྒྱལ་སྲུང་བློན་ཆེན་ཀི་ཤཱིས་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་གནད་དོན་མང་དག་ཅིག་ལ་གྲོས་སྡུར་བྱེད་ཀྱི་ཡོད། ང་ཚོ་ཕྱོགས་གཉིས་ཀྱི་རྒྱལ་སྲུང་དང་ཕྱི་སྲིད་བློན་ཆེན་རིམ་པའི་གྲོས་མོལ་ཐེངས་གཉིས་པ་མྱུར་དུ་བྱ་འཆར་ཡོད། དེ་ནི་ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་དང་ཕྱི་སྲིད་ཀྱི་བློན་ཆེན་རིམ་པས་གྲོས་སྡུར་བྱེད་དགོས་པའི་གནད་དོན་ཞིག་རེད། ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པའི་བསམ་འཆར་འདོན་རྒྱུ་ཡིན། ང་ཚོས་ཀྱང་ལོ་༤༠་ཐམ་པའི་རིང་དུ་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་བསམ་བཞིན་ཁ་གསལ་མེད་པ་ཞིག་བཟུང་ནས་མཚོ་གླིང་དེར་བདེ་འཇགས་བྱུང་ཡོད། ད་ལྟ་རྒྱ་ནག་གི་དམག་དཔུང་རྒྱ་སྐྱེད་དང་བཙན་དྲག་གི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པས་ང་ཚོས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་བཤད།།

ཨ་རི་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས། ༢༠༢༡།༣།༡༦
ཨ་རི་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས། ༢༠༢༡།༣།༡༦

ཨ་རི་དང་ཉི་ཧོང་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༡་པའི་མགོ་སྟོད་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ལ་ཨ་མི་རི་ཀས་ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་ཁག་ཚུད་པའི་ཉི་ཧོང་གི་མངའ་ཁོངས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁས་བླངས། ཉི་ཧོང་གི་ལྷོ་སྣེའི་མཚོ་ཁོངས་སུ་རྒྱ་ནག་གི་མཚོ་སྲུང་དམག་གྲུ་དཔུང་འཛུལ་བྱས་ནས་གླིང་ཕྲན་ཁག་ཅིག་གི་བདག་དབང་རྒྱ་ནག་ལ་ཡོད་ཅེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་སོང་། ༢༠༡༨་ལོར་ཉི་ཧོང་གི་གོང་མ་ཨ་ཁི་ཧི་ཏོ་དང་བཙུན་མོ་མཱི་ཆི་ཁོ་རྣམ་གཉིས་རྒྱལ་ཁབ་དེའི་ལྷོ་སྣེར་ཆགས་པའི་ཡོ་ན་གུ་ཎི་གླིང་ཕྲན་དུ་གཟིགས་ཞིབ་ལ་ཕེབས་ཤིང་། གླིང་ཕྲན་དེ་ཐེ་ཝན་ལ་རྒྱང་ཐག་དབྱིན་ལེ་༦༧་ལས་མེད་པས་ཉམས་ཞིབ་པ་ཚོས་ཉི་ཧོང་གི་གོང་མ་སྟངས་དཔྱལ་གཉིས་གླིང་ཕྲན་དེར་ཕེབས་པར་མཚོན་དོན་ཟབ་མོ་ཞིག་ཡོད། གོང་མ་མཆོག་གིས་ཐེ་ཝན་གྱི་གྲོགས་པ་ཚོར་ཕྱག་གཡོབ་མཛད་པ་རེད་ཅེས་གནས་ཚུལ་སྤེལ། ཡོ་ན་གུ་ཎི་གླིང་ཕྲན་ལ་མི་འབོར་༢༠༠༠་ལྷག་ལས་མེད་པས་ཉི་ཧོང་གཞུང་གིས་གླིང་དེའི་ཐོག་ཏུ་གློག་ཆས་ཀྱི་དམག་དོན་ཡོ་བྱད་རྣམས་བཙུགས། ད་སྔ་གླིང་ཕྲན་དེའི་ཐོག་ཏུ་ཉི་ཧོང་གི་དམག་མི་༢༠༠་ཡས་མས་ཤིག་ལས་མེད་ཀྱང་༢༠༢༠་ལོར་རྒྱ་ནག་གི་མཚོ་ཁ་སྐོར་གཡེང་དམག་གྲུ་༡༡༦༡་སན་ཀ་ཁུའམ། རྒྱ་ནག་གིས་ཏིའོ་ཡུ་གླིང་ཕྲན་ཞེས་འབོད་པ་དེའི་ཉེ་འཁོར་དུ་ཉི་མ་༣༣༣་བསྡད་ཡོད་པས་ཉི་ཧོང་གིས་རིམ་བཞིན་གླིང་ཕྲན་དེ་དག་གི་ཐོག་ཏུ་དམག་དཔུང་འགྲེམ་འཇོག་བྱ་རྒྱུ་མང་དུ་གཏོང་སྲིད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་འཐབ་ཇུས་དང་འགྲོ་གྲོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཡོ་ཤི་ཧ་རས་རྒྱ་ནག་གི་སུན་གཙེར་ལས་འགུལ་ཁག་གི་མཐར་ཐུག་གི་དམིགས་ཡུལ་ནི་ཤར་རྒྱ་ནག་རྒྱ་མཚོར་དབང་སྒྱུར་བྱས་ནས་ཨ་མི་རི་ཀར་ཁ་གཏད་གཅོག་རྒྱུ། དེ་ནས་རྒྱ་ནག་གི་སྟོབས་ཤུགས་འཛམ་གླིང་ཡོངས་ལ་ཁྱབ་ཏུ་འཇུག་རྒྱུའི་ཧམ་སེམས་རེད་ཅེས་བསྟན།།

ཡོ་ན་གུ་ཎི་གླིང་ཕྲན་ནི་ནགས་ཚལ་སྟུག་པོ་དང་རྒྱ་ལམ་འཛུགས་སྐྲུན་བྱེད་ཡོད་པ། གནམ་ཐང་ཡོད་པ་དང་གནམ་ཐང་གི་འཕུར་ལམ་དེར་རིང་ཚད་ཁྲུ་༦༥༦༢་ཡོད་པས་དམག་གི་སྐྱེལ་འདྲེན་གནམ་གྲུ་ཆེན་པོ་རྣམས་འབབ་ཐུབ་པ། ཨ་རི་དང་ཉི་ཧོང་གི་འཆར་གཞི་དེར་གླིང་ཕྲན་གཅིག་གི་ཐོག་ཏུ་ཨ་རིའི་སྐྱེལ་འདྲེན་སྟབས་བདེའི་མེ་སྒྱོགས་དཔུང་སྡེ་འཇོག་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་དང་གླིང་ཕྲན་དེ་ཡོ་ན་གུ་ཎི་གླིང་ཕྲན་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག དེའི་རྒྱུ་མཚན་ནི་ཡོ་ན་གུ་ཎི་གླིང་ཕྲན་དང་ཐེ་ཝན་གཉིས་ཁ་ཐག་ཉེ་བ་དང་ཨ་རིའི་སྐྱེལ་འདྲེན་སྟབས་བདེའི་མེ་སྒྱོགས་འཕུར་མདེལ་རྣམས་སྐྱེལ་འདྲེན་བྱེད་ཐུབ་པ། སྡེབ་འཕེན་འཕུར་མདེལ་རྣམས་རླངས་འཁོར་ཐོག་ཏུ་འཛུགས་ཆོག་དང་མེ་སྒྱོགས་དེའི་མདེའུ་རྣམས་ཨ་རི་དང་ཉི་ཧོང་གཉིས་ཀས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ། མེ་སྒྱོགས་དེ་དག་གི་མདེའུ་རྣམས་རྒྱང་ཐག་དབྱིན་ལེ་༡༠༠་ཡས་མས་ཤིག་ལ་སྙོབ་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀས་ཉི་ཧོང་གི་ལྷོ་སྣེའི་གླིང་ཕྲན་ཁག་གི་ཐོག་ཏུ་འཛུགས་འཆར་ཡོད་པའི་མེ་སྒྱོགས་གསར་པ་རྣམས་སྤྱི་ལེ་༣༠༠་ཐམ་པར་སྙོམ་ཐུབ། ད་དུང་ཨ་རིའི་ལོ་ཀི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་གིས་མེ་སྒྱོགས་དེ་ཡར་རྒྱས་བཏང་ནས་དགྲ་ཕྱོགས་ཀྱི་དམག་འཐབ་གནམ་གྲུ་དང་མཚོ་དམག་གཉིས་ཀར་གཏོར་རྒོལ་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ། ༢༠༢༥་ནས་ལོ་ཀི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་གིས་མེ་སྒྱོགས་གསར་པ་དེ་རྣམས་ཨ་རིའི་དམག་ལ་མཁོ་འགྲེམ་བྱ་རྒྱུའི་རྩིས་བརྒྱབ། ད་ལོའི་ཕྱི་ཟླ་༦་པའི་ནང་དུ་ཨ་རིའི་སྐམ་མཚོའི་དམག་དཔུང་དང་སྐམ་དམག ཉི་ཧོང་གི་རང་སྲུང་དམག་དང་ཐེ་ཝན་བཅས་ཀྱིས་ལོ་ཀི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་ལ་གྲོས་མཐུན་བཞག་ནས་མེ་སྒྱོགས་གསར་པ་དེ་དང་མཚོ་སྲུང་ཡོ་བྱད་རྣམས་ཉོ་རྒྱུའི་ཐག་བཅད། མེ་སྒྱོགས་གསར་པ་དེའི་ཁྱད་ཆོས་ནི་རླངས་འཁོར་ཐོག་ཏུ་བཙུགས་ཏེ་སྐྱེལ་འདྲེན་སྟབས་བདེ་དང་རྒྱང་ཐག་རིང་པོར་སྙོབ་པ། དགྲ་བོ་དམིགས་འབེན་དུ་བཟུང་ནས་གཡོ་གཟུར་མེད་པ་གཏོར་རྒོལ་བྱེད་ཐུབ་པ་སོགས་ཀྱི་ཕན་ཐོགས་ཆེ།།

དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གི་ལྷོ་སྣེར་ཆགས་པའི་གླིང་ཕྲན་ཁག་གི་ཐོག་ཏུ་ཨ་རིའི་སྐམ་མཚོའི་དམག་གི་རྟེན་གཞི་༤༠་ཡས་མས་ཤིག་འཛུགས་རྒྱུ། ཨ་རི་དང་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་གླིང་ཕྲན་དེ་དག་གི་ཐོག་ཏུ་ཆགས་རྒྱུའི་དམག་སྒར་རྣམས་གནས་སྐབས་རིང་ཡིན་ཟེར་སྲིད་ཀྱང་ཨ་རིའི་སྐམ་མཚོའི་དམག་གིས་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་འཕུར་མདེལ་འཛུགས་རྒྱུའི་རྟགས་མཚན་འདུག ཉི་ཧོང་གི་རང་སྲུང་དམག་གིས་ཨ་རིའི་སྐམ་མཚོའི་དམག་དཔུང་ལ་མཁོ་ཆས་སྐྱེལ་འདྲེན་དང་རྒྱབ་གནོན་གྱི་ལས་དོན་བསྒྲུབ་རྒྱུ་རེད་ཅེས་གནས་ཚུལ་སྤེལ། ཉི་ཧོང་ལ་ཞིབ་འཇུག་བྱེད་མཁན་ཁག་ཅིག་གིས་ཨ་རི་དང་ཉི་ཧོང་གཉིས་ཀས་ཐེ་ཝན་ལ་སྲུང་སྐྱོབ་ཀྱི་འཆར་འགོད་བྱེད་ཐུབ་རྒྱུ་ཁག་པོ་རེད། སྔོན་ལ་ཉི་ཧོང་གི་རྩ་ཁྲིམས་ལ་སྒྱུར་བཅོས་མ་བཏང་བར་ཉི་ཧོང་དམག་འཁྲུག་ཁག་ལ་ཞུགས་ཆོག་པའི་ཐོབ་ཐང་མེད། དེ་བཞིན་ཉི་ཧོང་གི་སྲིད་དོན་ཚོགས་པ་ཁག་ཅིག་གིས་ཐེ་ཝན་གྱི་སྲུང་སྐྱོབ་ཆེད་དུ་ཨ་མི་རི་ཀར་མཉམ་འབྲེལ་གྱི་དམག་དོན་འཆར་འགོད་བྱ་རྒྱུ་དེར་མོས་མཐུན་བྱེད་དཀའ། ཉི་ཧོང་གི་སྲིད་དོན་ཚོགས་པ་ཁག་ཅིག་ལ་རྒྱ་ནག་དགྲར་འཛིན་གྱི་བསམ་བློ་གཏན་ནས་མི་འདུག་ཅེས་རྩོད་པ་འཕངས། ཉི་ཧོང་དང་ཨ་རིའི་རྒྱལ་སྲུང་དང་ཕྱི་སྲིད་བློན་ཆེན་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་ཐེ་ཝན་སྲུང་སྐྱོབ་ཀྱི་འཆར་འགོད་བྱས་ཡོད་མེད། གལ་ཏེ་ཡོད་ན་འཆར་གཞི་དེ་ལག་ལེན་བསྟར་རྒྱུ་ཡིན་མིན་སོགས་ཕྱིར་བསྒྲགས་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG