ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

ཟེ་ལའི་ཕུག་ལམ་གྲུབ་ནས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སྲ་བརྟན་དུ་གྱུར།


མོན་ཡུལ་གྱི་ཟེ་ལའི་ཕུག་ལམ་
མོན་ཡུལ་གྱི་ཟེ་ལའི་ཕུག་ལམ་

༄༅།། མོན་ཡུལ་གྱི་ཟེ་ལའི་ཕུག་ལམ་གྲུབ་ནས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སྲ་བརྟན་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཞིང་། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་སྤེན་པའི་ཉིན་སྲིད་བློན་མོ་དྷིས་ཟེ་ལའི་ཕུག་ལམ་སྒོ་འབྱེད་བྱས་པའི་རྗེས་སུ་རྒྱ་གར་གཞུང་གིས་ལོ་ཁོར་མོ་ཡུག་ཏུ་ཧིན་བོད་ས་མཚམས་སུ་དམག་དཔུང་དང་མཚོན་ཆ་སྐྱེལ་འདྲེན་བྱ་རྒྱུར་དཀའ་ངལ་མེད་པར་གྱུར། ༢༠༡༨་ལོར་རྒྱ་གར་གཞུང་གིས་ཟེ་ལའི་ཕུག་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད། ཕུག་ལམ་དེ་བརྒྱུད་ནས་ཉིན་ལྟར་རླངས་འཁོར་ཆུང་བ་༣༠༠༠་དང་དོས་སྐྱེལ་རླངས་འཁོར་༢༠༠༠་ཐམས་པ་ཆུ་ཚོད་རེར་མགྱོགས་ཚད་སྤྱི་ལེ་༨༠་ཐམ་པ་རྒྱུག་ཐུབ་པ་ཞིག་འཛུགས་སྐྲུན་བྱས་འདུག རྒྱ་དཀར་ནག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་ཕྱིན་ན་རྒྱ་གར་གྱིས་ལ་དྭགས་དང་མོན་ཡུལ། ཧི་མ་ལ་ཡའི་ལྗོངས་ཀྱི་ཧིན་བོད་ས་མཚམས་ཁག་ཏུ་དམག་དོན་ལ་མཁོ་བའི་རྒྱ་ལམ་དང་ཟམ་པ། གནམ་ཐང་སོགས་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༩་ལོའི་ཕྱི་ཟླ་༢་པའི་ཚེས་༩་ཉིན་སྲིད་བློན་མོ་དྷི་དངོས་སུ་ཕེབས་ནས་ཟེ་ལའི་ཕུག་ལམ་གྱི་རྨང་རྡོ་བཙུགས། མོན་ཡུལ་གྱི་གྲོང་རྡལ་རྟ་དབང་དུ་མི་གྲངས་ཁྲི་ཚོ་༥་ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་རྒྱ་ནག་གིས་རྟ་དབང་གྲོང་རྡལ་ལ་བོད་ཆུང་བ་ཞེས་འབོད། དགུན་གྱི་དུས་སུ་མོན་རྟ་དབང་དང་ཨ་སམ་མངའ་སྡེའི་གྷོ་ཧ་ཊི་གྲོང་ཁྱེར། རྒྱ་གར་རྒྱལ་ཡོངས་བཅས་ལ་འབྲེལ་ཐག་རྒྱ་ལམ་གཅིག་ལས་མེད། ཐ་ན་དགུན་དུས་གནམ་གཤིས་ཡག་པོ་མེད་པར་མོན་ཡུལ་དུ་ཐད་འཕུར་གནམ་གྲུ་ཡང་འཕུར་དཀའ། རྒྱ་ནག་གིས་བོད་ནས་རྒྱ་གར་གྱི་ས་མཚམས་བར་དུ་དམག་སྒར་དང་གནམ་ཐང་། རྒྱ་ལམ་དང་མེ་འཁོར་ལྕགས་ལམ། ཟམ་པ་དང་ཕུག་ལམ། གྲོང་ཚོ་གསར་པ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པས་རྒྱ་གར་གྱིས་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་པར་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་དང་མགྲིན་ཚབ་པ་མའོ་ནིང་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་དང་མགྲིན་ཚབ་པ་མའོ་ནིང་

ཟེ་ལའི་ཕུག་ལམ་དེ་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༡༣༠༠༠་ཐམ་པའི་ཡན་ཆད་དུ་ཡོད་ཅིང་། རྒྱ་གཞུང་གིས་མོན་ཡུལ་ནི་བོད་ཀྱི་ས་ཆ་ཡིན། བོད་ཀྱི་ས་ཆ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་རྒྱ་གར་གྱིས་ཟེ་ལར་ཕུག་ལམ་བརྡོལ་བར་ངོ་རྒོལ་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་་གྱིས་གསར་འགོད་གསལ་བསྒྲགས་སྤེལ། དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་གིས་ཀྱང་རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ས་མཚམས་སུ་དམག་མི་ཁྲི་ཚོ་༡་ཁ་སྣོན་བཏང་ཡོད་པས་མཐའ་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུར་ཕན་ཐོགས་མེད། རྒྱ་ནག་གིས་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་པའི་ཆོད་སེམས་བཙུགས་ཡོད། རྒྱ་གར་གྱིས་ས་མཚམས་སུ་དམག་དཔུང་ཁ་སྣོན་བཏང་བ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

༢༠༢༠་ལོར་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་བསད་པ་དང་རྒྱ་དམག་དེ་ལས་མང་བ་ཞིག་བསད་རྨས་བྱུང་ནས་བཟུང་། འཛམ་གླིང་གི་མི་འབོར་མང་བ་དང་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་། འདས་པའི་ལོ་བཞིའི་རིང་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པ་ཐུག་འཕྲད་གྲོས་མོལ་ཐེངས་༢༡་བྱས་ཀྱང་ལ་དྭགས་ཤར་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པར་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་མ་ཐུབ། རྒྱ་གར་གཞུང་གིས་ལ་དྭགས་དང་ཧི་མ་ཅལ་མངའ་སྡེ། ཨུ་ཏྲ་ཁན་མངའ་སྡེ་དང་འབྲས་ལྗོངས། མོན་ཡུལ་བཅས་ནུབ་ཕྱོགས་དང་བར་དཀྱིལ། ཤར་ཕྱོགས་བཅས་སུ་རྒྱ་དཀར་ནག་གཉིས་ལ་དབང་བསྒྱུར་ས་ཚིགས་སྤྱི་ལེ་༣༤༨༨་ཡོད་པ་དེའི་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག

ཕྱི་ཟླ་༣་པའི་ཚེས་༩་ཉིན་རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟེ་ལའི་ཕུག་ལམ་ནི་མཁར་མང་རྫོང་གི་ནུབ་ཕྱོགས་སུ་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་ཧིན་སྒོར་དུང་ཕྱུར་༨༢་དང་ཕྱེད་ཀ་འགྲོ་གྲོན་བཏང་ནས་ཕུག་ལམ་དེ་འཛུགས་སྐྲུན་བྱས་ཤིང་། གཟའ་སྤེན་པའི་ཉིན་སྲིད་བློན་མོ་དྷི་དྲྭ་ལམ་ནས་ཟེ་ལའི་ཕུག་ལམ་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས། ཁོང་གིས་ཟེ་ལའི་ཕུག་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་མོན་ཡུལ་ལ་སྲུང་སྐྱོབ་བྱེད་བཞིན་པའི་རྒྱ་གར་བའི་དམག་གི་སྟོབས་ཤུགས་ཆེ་རུ་བཏང་ཡོད། ད་དུང་མཐའ་མཚམས་ས་ཁུལ་དེའི་སྤྱི་ཚོགས་དང་དཔལ་འབྱོར། འཛུགས་སྐྲུན་བཅས་པ་འཕེལ་རྒྱས་གཏོང་རྒྱུར་དགེ་མཚན་ཡོད། ཟེ་ལའི་ཕུག་ལམ་སྒོ་འབྱེད་ཐུབ་པར་རྒྱ་གར་གྱིས་སྤོབས་པ་བསྐྱེད་ཆོག ངས་ལོ་ཤས་གོང་དུ་རྨང་རྡོ་བཙུགས་པའི་སྐབས་དེར་མི་འགའ་ཤས་ཀྱིས་ལས་གཞི་འདི་འགྲུབ་རྒྱུ་ཡིན་མིན་དོགས་པ་བྱུང་བ་རེད་ཅེས་ཨེག་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།

ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་མོ་དྷིས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཡར་རྒྱས་གཏོང་རྒྱུའི་དམ་བཅའ་བསྐྱར་དུ་བཟློས། ཁོང་གིས་ངས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་སྤྱི་ཡོངས་འོས་འདེམས་ལ་དམིགས་པ་ཞིག་མིན་པར་རྒྱ་གར་གྱི་དགོས་མཁོ་གཞིགས་པ་ཞིག་ཡིན། ང་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ལས་དུས་གསུམ་པའི་སྐབས་དེར་དངོས་སུ་མོན་ཡུལ་དུ་བཅར་ནས་ཟེ་ལའི་འཕུག་ལམ་འཛུགས་སྐྲུན་བྱེད་མཁན་རྒྱ་གར་གྱི་བཟོ་བཀོད་དཔུང་སྡེའི་དམག་མི་ཚོར་ཐུག་འཕྲད་བྱ་འཆར་ཡོད་ཅེས་བྷི་ཇེ་པི་སྲིད་དོན་ཚོགས་པར་སླར་ཡང་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུའི་གདེང་ཚོད་ཡོད་པའི་རྣམ་འགྱུར་བསྟན། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་ས་གཞིའི་ཚན་རིག་བློན་ཆེན་ཀི་རེན་རི་ཇཱི་ཇཱུ་སོགས་མཛད་སྒོ་དེར་མཉམ་ཞུགས་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG