ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༡༥

གསུམ་བཅུ་དུས་དྲན་ཐེངས་༦༥ པའི་སྐབས་ཀྱི་བོད་ཀྱི་རྒྱལ་དར་དང་གཞོན་སྐྱེས།


༢༠༢༤ ལོའི་སྤྱི་ཟླ་༣ པའི་ཚེས་༡༠ ཉིན་ནི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༥ པ་སྟེ། ལྕགས་ཡོས་༡༩༥༡ ལོར་པེ་ཅིང་དུ། རྒྱ་ནག་དམར་ཤོག་གཞུང་གིས་ཁོ་རང་ཚོའི་འདོད་པ་ལྟར་བཙན་བྲིས་ཀྱིས་བཞག་བཅུག་པའི་གྲོས་ཆོད་དོན་ཚན་བཅུ་བདུན་ཞེས་པ་ལའང་མ་གནས་པར་བོད་ས་ཡོངས་རྫོགས་ཧམ་བཟུང་གིས་དྲག་པོའི་བཙན་ཤུགས་ཇེ་ཆེར་བཏང་རྐྱེན། ས་ཕག་༡༩༥༩ སྤྱི་ཟླ་༣ པའི་ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཆོལ་གསུམ་སེར་སྐྱ་མི་མང་ཕོ་མོ་རྒན་གཞོན་ཚང་མས་མ་སྐུལ་དང་བླངས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ཞི་བའི་རང་བཙན་སྒེར་ལངས་བྱས་ཏེ། མི་ལོ་༦༥ ཕྱིན་པའི་རྗེས་དྲན་གྱི་ཉིན་མོ་ཡིན་ཞིང་། དེའི་ཚེ་དེའི་དུས་༧གོང་ས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེས་དབུས། རྒྱལ་བློན། བོད་ཀྱི་བླ་ཆེན་ཁག། མི་དམངས་སེར་སྐྱ་བརྒྱད་ཁྲི་སྐོར་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་སུ་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་གཤིས། ད་ཆ་མི་ལོ་༦༥ ཕྱིན་ཡོད་པ་རེད།

ད་ལོའི་གསུམ་བཅུ་དུས་དྲན་ཐེངས་༦༥ པའི་ཉིན་མོ་དང་སྟབས་བསྟུན་ནས། རྒྱ་གར་བྱང་ཤར་ཁུལ་དང་ལྷོ་ཕྱོགས་སུ་ཡོད་པའི་བོད་མི་གཞིས་ཆགས་ཁག་དང་དགོན་སྡེ་ཁག །ལ་དྭགས་བསོད་ནམས་གླིང་ས་གནས་བོད་མི་རྣམས། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་མི་མང་ལངས་གླུ་ནང་གསལ། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག། བདེན་པའི་དཔང་པོ་མཛོད་ཅིག། ཅེས་གསུངས་པ་ལྟར། དཔེར་ན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཤིན་ཊོན་དང་། གྲོང་ཁྱེར་ནིའུ་ཡོག་དང་ཁ་ལི་ཧྥོར་ནི་ཡ། པོ་སི་ཊོན། ཧྥི་ལ་ཌ་ཧྥི་ཡ་སོགས་དང་། ཁ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་དང་ཀེལ་གྷ་རི། ཡུ་རོབ་རྒྱལ་ཁབ་སུད་སི་དང་ཧྥ་རན་སི། དབྱིན་ཇི། འཇར་མན། བྷེལ་ཇམ། གཞན་ཨོ་སི་ཁྲོ་ལི་ཡ་དང་ཐེ་ཝན་སོགས་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་དང་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག་པས། དེ་ནི་འདས་པའི་ལོ་ངོ་འགའ་ཤས་རིང་དང་བསྡུར་ན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མི་འབོར་ཇེ་མང་དུ་ཕྱིན་ཡོད་པར་མ་ཟད། འཛམ་གླིང་གང་སར་བཞུགས་ཡོད་པའི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ཆར་རྗེས་ཀྱི་སྤང་ནས་སེར་ཤ་བརྡོལ་བ་བཞིན་ལས་འགུལ་ནང་མཉམ་བཞུགས་བྱས་ཏེ། རྒྱ་ནག་གཞུང་ལ་གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་བོད་རྒྱལ་ཁབ་ཆེན་པོ་གཞན་ལག་ཏུ་ཤོར་ནས་མི་ལོ་༦༥ ཕྱིན་ཡོད་ནའང་། རིགས་ཞེན་ལར་རྒྱ་དང་འགྲོ་བ་གཅིག་མཚུངས་ཀྱི་འདུ་ཤེས་ཟུང་ལྡན། དེང་དུས་ཀྱི་སྐད་ཡིག་ལ་ཐོགས་པ་མེད་པ། རྒྱལ་སྤྱིའི་འགྲོ་ལུགས་ལ་བྱང་ཆུབ་པ་ཤེས་འཇོན་གཉིས་ལྡན་འདབ་ཤོག་ཟུང་ལྡན་བཏང་འགྲོ་བཞག་སྡོད་འཕེར་བའི་མི་རབས་གསར་པ་ཚོས་སོ་སོའི་རྒྱལ་ཁབ་ལ་དུང་ཞེན་དེ་བཞིན་མ་བརྗེད་སྙིང་བཅངས་ཡིད་ལ་བརྣག་ནས་མི་ཐོག་བརྗེ་པོ་ཐེབས་ཀྱང་མི་ཐོག་གསར་པའི་ལག་ལ་རྩ་དོན་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་ངེས་ཡིན་པའི་ཡིད་ཆེས་འཕེར་ཡོང་བཞིན་པའི་གནས་ཚུལ་དེ་རྒན་རབས་རྣམས་ལ་ཐུགས་བདེ་ལྷོད་ཀྱི་གཞི་རྩ་ཆེན་པོ་ཞིག་ཀྱང་ཆགས་ཡོད་པ་གླེང་མཁན་བྱུང་འདུག།

དེ་དང་ཐབས་གཅིག་པར་ད་ལོའི་གསུམ་བཅུ་དུས་དྲན་ཉིན་མོའི་སྔ་ནུབ་ཏུ་ཉུང་མཐར་ཡང་འཛམ་གླིང་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་སྡེ་ཁག་གཅིག་སྟོང་ལྷག་གི་ནང་ལ་བདེན་རྒྱབ་ཏུ་བོད་ཀྱི་གངས་སེང་དཀར་མོའི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ལས་གནས་ཚུལ་ཐོན་གསལ་དུ། ད་ལོའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་གསར་པའི་གྲས་ནས་ཨ་རིའི་གྲོང་ཁྱེར་ཤར་རྭ་དར་ཧྥོར་ཌ་East Rutherford ཚུད་ཡོད་པ་དང་། གྲོང་སྡེ་དེའི་སྤྱི་ཁྱབ་ཇེ་ཧྥུར་རེ་ལཱ་ཧུ་ལིར་Jeffrey Lahullier ལགས་ཀྱིས་བོད་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གནས་ཐབས་ཆེད་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གཏམ་བཤད་གནང་བ་དང་སྦྲགས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས། བོད་ཀྱི་རྒྱལ་དར་དེ་ཉིན་བདུན་རིང་ལ་འཇོག་རྒྱུ་ཡིན་པར་མ་ཟད། ལོ་ལྟར་འདི་ལྟར་སྒྲེང་འཛུགས་བྱ་རྒྱུའི་ཁས་ལེན་ཡང་གནང་འདུག། སྐབས་དེར་མཛད་སྒོ་ཐོག་ལ་ནིའུ་ཡོག་དང་ནིའུ་ཇར་སེར་གནས་བཞུགས་བོད་པ་༥༠༠ ལྷག་དགའ་སྤོབས་ཆེན་པོའི་ཐོག་ནས་མཉམ་བཞུགས་གནང་འདུག།

དེ་དང་ཆ་འདྲ་བར་ཁ་ན་ཊའི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོཊ་འཐུས་མི་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་གྲོས་ཚོགས་ནང་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན་ནས་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་འདི་ཚེས་༩ ཉིན་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁང་བརྩེགས་སྟེང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཱར་ཁེ་ཐཱ་ཕེ་ཁཱ་རོ་ཝ་ཨ་ཌེ་མོ་ཝ་Markéta Pekarová Adamová ལགས་ནས་སྒེར་གྱི་ངོ་དེབ་དྲ་ལམ་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་དང་ཆབས་ཅིག་ཡིག་ཆུང་ཞིག་སྦྱར་ཡོད་པར། འདི་ནི་ ༡༩༥༩ ལོར་བོད་མི་མང་གིས་རྒྱ་ནག་གི་བཙན་གནོན་ལ་སྒེར་ལངས་བྱེད་དུས། མི་གསོད་ཁྲག་སྦྱོར་ཆེན་པོ་བྱས་ཡོད་པའི་དོན་རྐྱེན་ལ་དྲན་སྐུལ་བྱེད་ཆེད་དམིགས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་རིག་གཞུང་གཏོར་བཤིག་བཏང་དང་གཏོར་མུས་ཡིན་པར། བོད་པ་ཚོས་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་དང་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་བྱ་ཆེད་མུ་མཐུད་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་དེར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་ཡི་ཡོད། ཅེས་འཁོད་འདུག།

དེ་བཞིན་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་ས་གནས་ནས་གནས་ཚུལ་བཏང་བ་ནང་གསལ། ནམ་རྒྱུན་རྒྱ་གར་གྱི་རྒྱལ་སའི་མང་ཚོགས་ཀྱི་ལས་འགུལ་སྤེལ་སའི་སྡིངས་ཆ་གནད་དགག་ཅིག་ཆགས་ཡོད་པའི་ཇན་ཏར་མན་ཏར་ས་ཚིགས་སུ་ལས་འགུལ་སྤེལ་དུས། བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་JNUགཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཟུར་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནན་ཀུ་མར་ལགས་ཀྱིས་༧གོང་ས་མཆོག་གི་དབུ་ཁྲིད་དང་བོད་རྒྱལ་ཁབ་ཆེད་དུ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ། དེ་བཞིན་བཙན་བྱོལ་ནང་གི་གཞོན་ནུའི་སེམས་ཤུགས་ནི་བོད་མིའི་འཐབ་རྩོད་ཀྱི་ཀ་བ་གསུམ་དུ་འགྲེལ་བརྗོད་ཀྱིས་ང་ཚོ་རྒྱ་གར་མི་མང་དང་གཞུང་གཉིས་ག་དུས་ཡིན་ཡང་བོད་མི་དང་མཉམ་དུ་ཡོད་པའི་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག།

མི་ལོ་༦༥ ཕྱིན་པའི་དེ་རིང་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་ཀྱི་བཀའ་སྤྱི་གཉིས་ཀྱིས་བོད་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་གཏོང་བྱེད་པོ་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང་། དེང་སང་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་བོད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རང་དབང་སྒེར་ལངས་ཉིན་མོར་སྲུང་བརྩི་ཞུས་ཡོད་པར་མ་ཟད། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་མགྲོན་དུ་ཕེབས་པའི་འཇར་མན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མའེ་ཁོལ་བྷུ་རན་ཌི་ Michael Brand ལགས་དང་ཨོ་སེ་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དྷེན་སི་མེ་སི་Dean Smith ལགས་གཙོས་པའི་སྐུ་ཚབ་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་མཇལ་ཁ་བཅར་ཏེ། གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་རྒྱ་ནག་གིས་བོད་ནང་རིགས་རྒྱུད་རྩ་མེད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་དང་འབྲེལ་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཁ་གསལ་གནང་འདུག།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། སྐབས་དེར་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གཞུང་འབྲེལ་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་དམས་སུ་གཏོང་བཞིན་པ་དང་། བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། དེ་བཞིན་ཉེ་ལམ་བོད་ནང་སྡེ་དགེའི་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་ལ་དམིགས་པའི་ལས་གཞིའི་འོག་ནས་བོད་ཀྱི་ཡུལ་སྡེ་དགོན་ཁག་མང་པོ་གནས་སྤོའི་ལས་གཞི་སོགས་སྡུག་རྩུབ་ཀྱི་སྲིད་ཇུས་ཐེར་འདོན་དང་སྦྲགས་ནས། བཀའ་སྤྱི་གཉིས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་དང་སྦྲགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་གསུངས་གནང་འདུག་པ་དང་། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ གཞུང་འབྲེལ་མཛད་སྒོ་གྲུབ་མཚམས་སུ་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅ་རིའི་བར་དུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག།

འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་གནས་ཚུལ་བཏང་བ་ལས་འཁོད་དོན་དུ། འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་འཇར་མན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མའེ་ཁོལ་བྷུ་རན་ཌི་ Michael Brand མཆོག་ནས་གསུངས་གསལ་ལ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཏང་དང་གཏོང་བཞིན་པའི་སྲིད་ཇུས་དེ་ནི། འགྲོ་བ་མིའི་རང་དབང་དང་འགལ་བ་ཞིག་ཡིན་ཞིང་། འགྲོ་བ་མི་སུ་རུང་གི་ཐོབ་ཐང་དང་རང་དབང་བརྡལ་གཤིག་གཏོང་བའི་གནད་དོན་དེ་ནི་མི་ཚང་མས་འགན་འཁུར་ལེན་དགོས་པ་ཞིག་ཆགས་ཀྱི་ཡོད་སྟབས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་གནས་སྟངས་དང་། ཉེ་ལམ་བོད་ཤར་ཕྱོགས་སྡེ་དགེ་ཁུལ་དུ་ཛ་དྲག་གི་གནས་སྟངས། བོད་ཀྱི་ངོ་བོ་རྩ་མེད་དུ་གཏོང་བའི་སྲིད་ཇུས་བོད་ཕྲུག་གཏན་འཇགས་སློབ་གྲྭར་བཙན་འཇུག་གི་གནས་སྟངས་དེ་དག་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད་པ་རེད་ལ། དེ་དག་ལ་ངོ་རྒོལ་ཡང་བྱ་རྒྱུ་ཡིན་ཞེས་གསུངས་འདུག།

དེ་དང་ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་གཞན་ཨོ་སེ་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དྷེན་སི་མེ་སི་Dean Smith མཆོག་གིས་དུས་དྲན་ཐོག་གསུངས་དོན། ད་རེས་ང་ཚོ་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གལ་ཆེའི་དུས་ཚིགས་འདི་འདྲ་ཞིག་ལ་ཡོང་ཐུབ་པར་དགའ་པོ་བྱུང་། ང་ཚོ་ཨོ་སེ་ཁྲི་ལི་ཡའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ལ་ཁ་གཅིག་གྲགས་ཀྱིས་གསུང་བཞིན་པ་ནི། རྒྱ་གཞུང་གིས་བོད་ཕྲུག་རྣམས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་གཏན་འཇགས་སློབ་གྲྭར་འཇུག་བཞིན་པ་དང་། དེ་བཞིན་ཆབ་སྲིད་ཀྱི་ལས་འགུལ་དང་ཆོས་ཕྱོགས་གྱི་ལས་འགུལ་མཐའ་དག་ལ་བཀག་སྡོམ་བྱེད་བཞིན་པ་དེ་དག་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་འཁུར་དགོས་པའི་འབོད་སྐུལ་དང་། བོད་ནང་བོད་མིའི་རང་དབང་གི་གནས་སྟངས་གསལ་སྟོན་བྱེད་དགོས་པའི་ཞུ་སྐུལ་དེ་དག་ཡིན་པ་རེད། གཏམ་བཟང་གཞན་ཞིག་ནི། ང་ཚོ་ཨོ་སེ་ཁྲི་ལི་ཡའི་གྲོས་ཚོགས་ཀྱིས་གསུངས་པའི་སྐད་ཆ་དེ་སྐད་ཆ་ཙམ་དུ་མི་འཇོག་པར་ངེད་ཅག་གིས་ལག་ལེན་དུ་བསྟར་ཐུབ་པ་བྱེད་ཀྱི་རེད། དཔེར་ན་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་ལ་ལོ་འཁོར་བསྐྱར་ཞིབ་སྐབས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་བྱས་ཡོད། དེ་དང་ལྷན་དུ་དེ་རིང་གི་ཉིན་མོ་དང་བསྟུན་ནས་བོད་པ་རྣམས་ལ་འབོད་སྐུལ་ཞིག་ཡོད་པ་ནི། བོད་པའི་མི་རབས་གསར་པས་རྒན་རབས་རྣམས་ལ་རྗེས་དྲན་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མའི་མཛད་རྗེས་ལ་ཡི་རངས། དེ་བཞིན་བོད་མི་སོ་སོའི་ཕྲག་ཐོག་ཏུ་བབ་པའི་བོད་ཀྱི་རྩ་དོན་གྱི་ལས་འགན་དེ་མུ་མཐུད་བསྒྲུབ་དགོས་པའི་གཞེན་བསྐུལ་ཡང་ཞུ་གི་ཡིན། ཞེས་གསུངས་འདུག།

གླེང་སྟེགས།

XS
SM
MD
LG