ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཡུཀ་རེན་གྱི་དམག་མི་འབུམ་༡་འཐབ་འཁྲུག་ནང་དུ་བསད་རྨས་བྱུང་སྐད།


༄༅།། འདས་པའི་ཟླ་བ་༩་ལྷག་ལ་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་། ད་དུང་ཨུ་རུ་སུའི་གཏོར་རྒོལ་འོག་ཡུཀ་རེན་གྱི་མི་མང་དཀྱུས་མ་ཁྲི་ཚོ་༢་ལྷག་ལ་སྲོག་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཨུར་སུ་ལ་ཝོན་ཌར་ལེ་ཡན་གྱིས་ཡུཀ་རེན་གྱི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་བ་ནི་སྐྱི་གཡའ་བ་ཞིག་རེད་ཅེས་གཏམ་བཤད་བྱས་ཤིང་། ཡུཀ་རེན་གྱི་དམག་དོན་ལྷན་ཁང་གིས་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་རྣམས་གསང་བ་ཡིན་པ་དང་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་ནི་མ་འོས་པ་ཞིག་རེད་ཅེས་དགག་པ་བརྒྱབ། དེར་བརྟེན་ཨུར་སུ་ལ་ཝོན་ཌར་ལེ་ཡན་གྱི་བརྙན་འཕྲིན་གཏམ་བཤད་དེ་བསྐྱར་དུ་སྒྲིག་སྦྱོར་བྱས་ནས་ཡུཀ་རེན་གྱི་དམག་དཔུང་བསད་རྨས་བྱུང་བའི་གྲངས་འབོར་གླེང་བའི་བརྙན་འཕྲིན་ཚན་པ་དེ་བཅད་ཡོད་པའི་གནས་ཚུལ་ཐོན། ཉེ་ཆར་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མེཀ་མེ་ལི་ནེའུ་ཡོག་གྲོང་ཁྱེར་གྱི་དཔལ་འབྱོར་ལྷན་ཚོགས་སུ་གདན་འདྲེན་བྱས་ནས་གཏམ་བཤད་བྱས་པའི་སྐབས་སུའང་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་འདུག དེ་བཞིན་ཡུཀ་རེན་གྱི་དམག་མི་ཡང་གྲངས་འབོར་འདྲ་མཚུངས་ཤིག་བསད་རྨས་བྱུང་འདུག་ཅེས་བསྒྲགས། ཡུཀ་རེན་གྱི་དམག་ལ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པ་ནི་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་གཏམ་བཟང་ཞིག་ག་ལ་ཡིན། ད་ནས་ཨ་མི་རི་ཀ་དང་ཡུ་རོབ་ཀྱིས་ཨུ་རུ་སུར་འཐབ་རྒོལ་བྱེད་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་དགོས། ཡུཀ་རེན་ལ་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། འོན་ཀྱང་དོན་དངོས་སུ་ཡུཀ་རེན་གྱི་དམག་མི་རྣམས་ཚར་གྱི་ཡོད་པ་དང་དམག་དཔུང་གསར་པ་ཁ་སྣོན་མེད་པར་འགག་རྩ་ཞིག་ལ་ཐུག་ཡོད་ཅིང་། ཨུ་རུ་སུས་འཕུར་མདེལ་འཕངས་ནས་ཡུཀ་རེན་གྱི་གློག་ཁང་དང་འཐུང་ཆུ། རྒྱལ་ཁབ་དེའི་རྨང་གཞིའི་མཐུན་རྐྱེན་ཡོད་དོ་ཅོག་རྨེག་མེད་དུ་བཅོམ། ཡུཀ་རེན་བ་ས་ཡ་༡༠་ཡས་མས་ཤིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལ་བཙན་བྱོལ་དུ་སོང་། སང་ཉིན་ཡུཀ་རེན་ལ་དམག་འཁྲུག་གི་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་རུང་རྒྱལ་ཁབ་དེའི་རྨང་གཞིའི་འཛུགས་སྐྲུན་རྣམས་སླར་གསོ་འབྱུང་བར་ལོ་བཅུ་ཕྲག་མང་པོ་འགོ་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག

ཡུཀ་རེན་ལ་མི་འབོར་ས་ཡ་༤༤་ཡས་མས་ཤིག་ཡོད་པ་དང་ཨུ་རུ་སུར་མི་འབོར་དུང་ཕྱུར་༡་དང་བྱེ་བ་༤་ལྷག་ཡོད་པས་ཕུ་ཊིན་ལ་དམག་ཁྲལ་བསྡུ་རྒྱུ་ལག་མི་ཐོགས། ཁ་སྔོན་ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་དམག་སྐུལ་བྱས་ནས་ཟུར་འཇོག་དམག་མི་འབུམ་༣་བསྡུས། ཨུ་རུ་སུའི་དམག་ཁྲལ་རྒྱུག་དགོས་པ་སྐྱེས་པ་ས་ཡ་༡་ཡས་མས་ཤིག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་ཀྱང་མི་འབོར་གྱི་མང་ཉུང་གི་ཁྱད་པར་ཐོག་ཏུ་ཨུ་རུ་སུར་དམག་མི་འདང་ངེས་མེད་པའི་དཀའ་ངལ་དེ་ཡུཀ་རེན་ལས་ཤིན་ཏུ་ཆུང་། ད་ལོའི་ཕྱི་ཟླ་༤་པའི་ནང་ཨུ་རུ་སུའི་ཝེ་གྷ་ནར་སྒེར་དམག་ཚོགས་པར་དམག་མི་༨༠༠༠་ཡོད་པ་དང་ཟླ་བ་དགུའི་རྗེས་སུ་དམག་མི་ཁྲི་ཚོ་༤་ལ་འཕར། ཝེ་གྷ་ནར་སྒེར་དམག་ཚོགས་པའི་དམག་མི་རྣམས་ཨུ་རུ་སུའི་བཙོན་ཁང་ཁག་ནས་བསྡུས་པའི་བཙོན་པ་དང་སི་རི་ཡ། ཨ་ཧྥི་རི་ཀ་སོགས་རྒྱལ་ཁབ་གཞན་ནས་བསྡུས་པ་གླས་དམག་ཡིན་འདུག ཡུཀ་རེན་གྱིས་ཨུ་རུ་སུའི་ཝེ་གྷ་ནར་སྒེར་དམག་ཚོགས་པར་དམག་མི་༨༠༠་ནས་༡༠༠༠་ཡས་མས་ཤིག་ལས་མི་འདུག་ཟེར། ཉམས་ཞིབ་པ་ཁག་ཅིག་གིས་ཝེ་གྷ་ནར་སྒེར་དམག་ཚོགས་པར་དམག་མི་༣༠༠༠་ཡས་མས་ཤིག་འདུག་ཅེས་གྲངས་ཐོ་བཏོན། ཝེ་གྷ་ནར་སྒེར་དམག་ཚོགས་པ་ནི་སྲིད་འཛིན་ཕུ་ཊིན་གྱི་སྒེར་དམག་ལྟ་བུ་ཞིག་དང་ཨུ་རུ་སུའི་གཞུང་དམག་ལས་སྦྱོང་བརྡར་ཡག་ག་ཐོབ་སྟེ་འཐབ་འཁྲུག་གི་ཉམས་མྱོང་གང་ལེགས་ལྡན་པའི་དམག་སྡེ་ཞིག་ཡིན་ཞིང་། ཉེ་ཆར་ཤར་ཡུ་རོབ་རྒྱལ་ཁབ་པོ་ལན་ཌི་གཞུང་གིས་རྒྱལ་ཁབ་དེའི་དང་བླངས་པ་༡༢༠༠་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཚེ་སྲོག་ཤོར་སོང་ཞེས་གསལ་བསྒྲགས་སྤེལ། འདི་ནི་པོ་ལན་ཌིའི་གཞུང་གིས་དང་བླངས་ཀྱི་མིང་ཐོག་ཏུ་ཡུཀ་རེན་ལ་དམག་མི་༦༡༢༠༠་དམག་རོགས་སུ་བཏང་ཡོད་པ་དེའི་ཁོངས་སུ་འདུས། པོ་ལན་ཌིའི་དམག་མི་ཕོན་ཆེན་ཞིག་གི་ཚེ་སྲོག་ཤོར་བ་དང་ཨུ་རུ་སུས་པོ་ལན་ཌིར་དགྲ་ལན་སློག་རྒྱུ་སོགས་ལ་འཛེམས་དགོས་པས་པོ་ལན་ཌིས་ཡུཀ་རེན་ལ་རྒྱབ་སྐྱོར་དམག་མི་ཁ་སྣོན་གཏོང་ཐུབ་རྒྱུ་ཁག་པོ་རེད་ཅེས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེ་འདུག

ཡུཀ་རེན་ལ་དམག་མི་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་པ་སེལ་དཀའ་རུང་མཚོན་ཆ་དང་དམག་དོན་ཡོ་བྱད་ཀྱི་དཀའ་ངལ་འཕྲད་མི་སྲིད་པའི་རྣམ་པ་ཞིག་ཐོན། ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་རོ་མེ་ཎི་ཡའི་རྒྱལ་ས་བྷུ་གྷ་རེ་སི་ཊི་གྲོང་ཁྱེར་དུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚོགས་འདུ་ཚོགས། ཚོགས་ཆེན་དེའི་ཐོག་ཏུ་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་དུ་གཏོང་རྒྱུ་ཁས་བླངས། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊིན་བྷག་གིས་ནུབ་ཆིངས་ཀྱི་སྒོ་མོ་ཕྱེ་ཡོད། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་མྱུར་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་སུ་འགྱུར་རྒྱུ་རེད། མ་འོངས་པར་ཡུཀ་རེན་ནུབ་ཆིངས་ཀྱི་ཚོགས་ཁོངས་སུ་འཇུག་རྒྱུའི་ལངས་ཕྱོགས་བཟུང་ཡོད། ནུབ་ཆིངས་ཀྱི་ཁོངས་སུ་རྒྱལ་ཁབ་གང་འཇུག་དགོས་མིན་ཐད་ཨུ་རུ་སུར་ཆོད་སློག་གཏོང་ཆོག་པའི་དབང་ཚད་མེད་ཅེས་གསལ་བསྒྲགས་སྤེལ། ད་ལོའི་ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། དེང་སྐབས་ནུབ་ཆིངས་ལ་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པ་ཡོད་པ་དེ་དག་གིས་ཡུཀ་རེན་སྒྲིག་འཛུགས་དེར་འཇུག་རྒྱུ་གནད་འགག་ཆེན་པོ་མ་རེད། སྔོན་ལ་ཨུ་རུ་སུ་ཕམ་པར་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་ལངས་ཕྱོགས་གསལ་པོར་བསྟན། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ང་ཚོ་དམག་འཁྲུག་གི་ངར་སྒར་དུ་ཡོད་པས་ཚོགས་འཐུས་གསར་པ་བསྡུ་ཕྱོགས་ལ་གྲོས་སྡུར་བྱ་འཆར་མེད། ང་ཚོས་ཡུཀ་རེན་ལ་དམག་དོན་དང་མི་ཆོས་རིང་ལུགས། དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་བྱ་རྒྱུ་གཙིགས་སུ་བཟུང་ནས་ཕུ་ཊིན་ལ་རྒྱལ་ཁ་ཐོབ་ཏུ་འཇུག་མི་ཉན་ཞེས་ནན་བརྗོད་བྱས་འདུག ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རོགས་སྐྱོར་གནང་བར་རྗེས་སུ་ཡི་རང་ཞུ། ད་དུང་ཡང་ཡུཀ་རེན་ལ་མཚོན་ཆ་དང་ཡོ་བྱད། དམག་འཁྲུག་གི་དུས་སུ་མཁོ་བའི་རྒྱབ་སྐྱོར་རྣམས་མགྱོགས་ནས་མྱུར་དུ་སྤྲོད་དགོས་ཀྱི་འདུག་ཅེས་འབོད་སྐུལ་ནན་པོ་བྱས་འདུག

ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་བཟུང་། ཨུ་རུ་སུའི་བཟོ་ལས་ལ་མཁོ་བའི་འཕྲུལ་ཆས་དང་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་མེད་པར་དཀའ་ངལ་འཕྲད། ཨུ་རུ་སུའི་གཞུང་གིས་རྒྱ་གར་ལ་རླངས་འཁོར་དང་གནམ་གྲུ། མེ་འཁོར་སོགས་ཀྱི་འཕྲུལ་ཆས་དང་ལྷུ་ལག་རྣམས་ཚུད་པའི་དངོས་ཟོག་རྣམ་གྲངས་༥༠༠་ལྷག་བཙོང་དགོས་པའི་རེ་བ་བཏོན། ཨུ་རུ་སུས་རེ་བ་བཏོན་པ་ལྟར་རྒྱ་གར་གྱིས་དངོས་ཟོག་རྣམ་གྲངས་ཅི་ཙམ་ཕྱིར་ཚོང་བྱ་རྒྱུ་ཡིན་མིན་བཤད་དཀའ། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་ནས་རྒྱལ་ཁབ་དེའི་བཟོ་ལས་ཀྱིས་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུས་དགོས་ཟེར་གྱི་ཡོད་པའི་དངོས་ཟོག་གི་གྲངས་འབོར་ནི་ཧ་ལས་པ་ཞིག་རེད། ང་ཚོས་དངོས་ཟོག་དེ་དག་གི་བཀོལ་སྤྱོད་ཅི་ཡིན་གསལ་པོ་ཞིག་ཤེས་དགོས་པ་དང་དངོས་ཟོག་གི་མང་ཉུང་ལ་བསྐྱར་དུ་གྲོས་སྡུར་ལྷུག་པོ་བྱེད་དགོས་ཀྱི་འདུག་ཅེས་ནང་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨུ་རུ་སུ་དང་རྒྱ་གར་གྱི་ཚོང་ལས་ཆ་མཉམ་མེད་པ་དང་རྒྱ་གར་གྱིས་དངོས་ཟོག་ཁག་ཅིག་ཨུ་རུ་སུར་ཕྱིར་ཚོང་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་སྙོམས་ཐབས་སུ་འབད། རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་ཅིག་གིས་ཨུ་རུ་སུར་ཚོང་འབྲེལ་བཙུགས་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་དཀའ་ངལ་འཕྲད་སྲིད་པའི་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ཨུ་རུ་སུར་འཚམས་འདྲིར་མ་ཕེབས་པའི་བདུན་ཕྲག་གཉིས་ཀྱི་སྔོན་དེར་ཨུ་རུ་སུས་རྒྱ་གར་ལ་རེ་བ་དེ་བཏོན་པ་རེད་ཅེས་གནས་ཚུལ་སྤེལ་འདུག

སྲིད་བློན་མོ་དྷི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་ལངས་ནས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་མ་བྱས་པ་དང་རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མང་དུ་བཏང་སྟེ་ཕུ་ཊིན་ལ་རོགས་ཕན་བསྒྲུབས། ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱི་མཉམ་དུ་རྒྱ་གར་གྱི་ཞིང་ལས་དང་རྡོ་སྣུམ། རང་བྱུང་སོལ་རླངས་དང་གྲུ་ཁ་འཛུགས་སྐྲུན། གྲུ་གཟིངས་བཟོ་སྐྲུན་དང་ནོར་སྲིད། རྫས་སྦྱོར་དང་རྫས་ལུད་སོགས་ལས་རིགས་ཁག་གི་མཐོ་རིམ་ལས་སྣེ་རྣམས་ཨུ་རུ་སུར་བསྐྱོད། གསར་འགོད་པ་ཚོས་ཇཱེ་ཤན་ཁན་ལ་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས་པའི་སྐབས་སུ་ལྡི་ལི་གསར་པས་འཛམ་གླིང་ཡོངས་ལ་རོགས་སྐྱོར་ཞུས་པ་རེད། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་སྐབས་སུ་རྒྱ་གར་གྱིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་མ་འོངས་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གར་ལ་ཡིད་ཆེས་ཇི་ལྟར་བྱེད་ཐུབ་ཅེས་དྲིས། སྐབས་དེར་ཇཱེ་ཤན་ཀར་གྱི་གདོང་པོ་དམར་པོར་གྱུར་ནས་ང་ཚོར་ནུབ་ཕྱོགས་པའི་རྒྱབ་སྐྱོར་མེད་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་ཅེས་ལན་བཏབ། སྲིད་བློན་མོ་དྷིའི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འཛིན་པའི་ལངས་ཕྱོགས་ཀྱིས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་ཆེ་བ་རྒྱ་གར་ལ་ཡིད་ཆེས་བརླགས་ཡོད་པའི་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་ཨུ་རུ་སུར་གནམ་གྲུའི་འཕྲུལ་ཆས་སོགས་ཀྱི་ལྷུ་ལག་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ར་འཕྲོད། ཅིའི་ཕྱིར་ཞེ་ན་ཨུ་རུ་སུའི་གནམ་གྲུ་མང་ཆེ་བ་ཕྱི་རྒྱ་གྱི་གནམ་གྲུ་ཡིན་ཞིང་། ཕྱི་རྒྱལ་གྱི་རླངས་འཁོར་བཟོ་ཚོང་ལས་ཁུངས་ཁག་ཨུ་རུ་སུ་ནས་ཕྱིར་འཐེན་བྱས་ཡོད་པས་རླངས་འཁོར་གྱི་འཕྲུལ་ཆས་དང་ལྷུ་ལག་གསར་པ་མེད་པར་དཀའ་ངལ་སྣ་མང་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལཐོན་འདུག

འབྲེལ་ཡོད།

XS
SM
MD
LG