ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༨/༠༩

ཕུ་ཊིན་འཕྲུལ་སྣང་གི་ཀློང་དུ་ཚུད་དེ་དོན་དངོས་ལ་བལྟ་ཐུབ་ཀྱི་མེད་སྐད།


༄༅།། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་དེར་ལྷག་བསམ་རྣམ་དག་ཡིན། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་འཕྲུལ་སྣང་གི་ཀློང་དུ་ཚུད་ནས་དོན་དངོས་ཀྱི་ཁོར་ཡུག་ཅིག་ལ་འབབ་ཐུབ་ཀྱི་མི་འདུག ཨུ་རུ་སུར་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་འདོད་ཡོད་པའི་རྟགས་མཚན་ཡང་མི་འདུག ངས་ཕུ་ཊིན་ལ་ཐད་ཀར་གྲོས་མོལ་བྱེད་དགོས་པ་དང་མི་ཁག་ཅིག་གིས་ཡུཀ་རེན་གྱིས་ཨུ་རུ་སུར་ས་ཆ་སྤྲད་ནས་དམག་འཁྲུག་མཚམས་འཇོག་བྱེད་དགོས་ཟེར་གྱི་ཡོད་པ་ནི་ལག་ལེན་བསྟར་ཐུབ་པ་ཞིག་མ་རེད། ཕུ་ཊིན་གྱིས་དངོས་ཡོད་གནས་སྟངས་ལ་བལྟ་ཐུབ་དགོས་ཀྱི་འདུག ཁོ་པར་སྔ་མོ་ནས་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱ་རྒྱུའི་འཕྲུལ་སྣང་ཞིག་ཡོད་པ་འདོར་དགོས། ཕུ་ཊིན་གྱིས་དོན་དངོས་ལ་བལྟ་ཐུབ་པ་དང་ཨུ་རུ་སུའི་རྒྱལ་ནང་དུ་འུར་སྒྲོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ཚེ། ད་ལྟའི་དམག་འཁྲུག་འདི་མཚམས་འཇོག་བྱེད་ཐུབ་ཐབས་ཤིག་མི་འདུག་ཅེས་གཟའ་ཉི་མའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་བཅར་འདྲིའི་སྐབས་སུ་ལན་འདེབས་བྱས་འདུག ཁ་སང་གཟའ་ཉི་མར་སྲིད་འཛིན་ཛེ་ལན་སི་ཀི་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ཨང་གཉིས་པ་ཁར་ཀིབ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་ཅིང་། འདི་ནི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀི་གྲོང་ཁྱེར་དེར་གཟིགས་ཞིབ་ཏུ་ཕེབས་པ་ཐེངས་དང་པོ་ཡིན་འདུག ཁོང་གིས་ང་ཚོའི་འཐབ་མོ་བ་ཚོས་ཉིན་ལྟར་རང་སྲོག་འབེན་ལ་བཙུགས་ནས་ཡུཀ་རེན་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་སྤོབས་པ་ཚད་མེད་བསྐྱེད་བྱུང་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཡུཀ་རེན་གྱི་ཁར་ཀིབ་གྲོང་ཁྱེར་གྱི་ས་ཁྱོན་བརྒྱ་ཆ་༣༠་ཐམ་པ་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཤོར། ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ཀྱང་སྲུང་སྐྱོབ་བྱ་ཐུབ་རྒྱུ་ཧ་ཅང་དཀའ་ངལ་ཆེན་པོ་འདུག་ཅེས་སྲིད་འཛིན་ཛེ་ལན་སི་ཀི་དང་ཡུཀ་རེན་གྱི་འགོ་ཁྲིད་ཚོས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༥་པའི་ཚེས་༣༠་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ཉི་མར་ཡུཀ་རེན་དང་ཨུ་རུ་སུའི་དམག་གིས་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་དུ་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་གྲོང་ཁྱེར་དེའི་ཡུལ་མི་ཚོར་འཐུང་ཆུ་དང་ལག་ཐོགས་ཁ་པར་གྱི་སྐུད་ལམ་བཅད། མི་སུ་ཞིག་ཕྱི་ལ་འཐུང་ཆུ་ལེན་དུ་སོང་ན་མེ་མདའ་བརྒྱབ་ནས་གསོད་ཀྱི་ཡོད་པའི་གནས་ཚུལ་ཐོན། སྲིད་འཛིན་ཛེ་ལན་སི་ཀིས་གྲོང་ཁྱེར་དེའི་མི་གྲངས་ཅི་ཙམ་བསད་ཡོད་མེད་ཤེས་རྟོགས་ཐུབ་དཀའ། གྲོང་ཁྱེར་དེའི་ཁང་པ་བརྒྱ་ཆ་༩༠་ལྷག་གཏོར་བཤིག་བཏང་ཚར་ཡོད་པ་དང་ཨུ་རུ་སུའི་དམག་གིས་སི་རེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ང་ཚོས་གང་ཐུབ་ཀྱིས་ཨུ་རུ་སུའི་དཔུང་འཇུག་འགོག་ཐབས་བྱེད་ཡོད་ཅེས་བཀྲལ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ལེན་མ་ཐུབ་པའི་རྗེས་སུ་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་མངའ་ཁུལ་ཁག་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ས་ཆ་བཙན་འཕྲོག་བྱ་ཐབས་སུ་འབད། སྲིད་འཛིན་ཛེ་ལན་སི་ཀིའི་གཟའ་མཇུག་གི་གཏམ་བཤད་ནང་དུ་ང་ཚོས་ཉིན་ལྟར་རང་སྲུང་གི་སྟོབས་ཤུགས་སྲ་བརྟན་གཏོང་བཞིན་ཡོད། ཡུཀ་རེན་གྱི་མཁོ་དགོས་ཆེ་ཤོས་ནི་དེང་རབས་ཅན་གྱི་མཚོན་ཆ་རེད་ཅེས་ནན་བརྗོད་བྱས་འདུག ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་བ་རོབ་ཀྱིས་ཌོན་བྷ་སི་མངའ་ཁུལ་བཅིངས་འགྲོལ་གཏོང་རྒྱུ་ཨང་དང་པོ་ཡིན། མི་ཁག་ཅིག་གིས་སྲིད་འཛིན་ཕུ་ཊིན་བདེ་ཐང་མེད་པའི་དཀྲོག་གཏམ་སྒྲོགས་ཀྱི་ཡོད་ཀྱང་ཕུ་ཊིན་བདེ་ཐང་ཡིན། ཁོང་ཉིན་ལྟར་བརྙན་འཕྲིན་ནང་དུ་འཐོན་གྱི་ཡོད་པར་བལྟས་པ་དང་གཏམ་བཤད་སོགས་ལ་མཉན་ན་བདེ་ཐང་ཡིན་མིན་ཤེས་སླ་ཞེས་དག་སྐྱེལ་བྱས་འདུག ཉམས་ཞིབ་པ་མང་དག་ཅིག་གིས་ཕུ་ཊིན་ལ་ཁྲག་སྐྲན་དང་ཕོ་སྐྲན། སྐེ་རྨེན་འབྲས་ནད་དང་རྩ་འདར་སོགས་ན་ཚ་ཐུ་མོ་ཞིག་ཕོག་ཡོད་པའི་གནས་ཚུལ་སྤེལ།།

དེ་རིང་གཟའ་ཟླ་བའི་ཉིན་མཉམ་འབྲེལ་གསར་ཁང་གིས་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ནི་ཉེ་ཆར་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཤོར་བའི་ཡུཀ་རེན་ལྷོ་ཕྱོགས་ཀྱི་མ་རི་ཨུ་པུལ་གྲོང་ཁྱེར་ལྟར་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། གྲོང་ཁྱེར་དེར་རོགས་སྐྱོར་དང་སྲི་ཞུའི་ལས་དོན་ཡོད་ཚད་བཀག་འདུག ཨུ་རུ་སུས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་བཟོ་ལས་ས་ཁུལ་མང་ཆེ་བ་བཙན་འཕྲོག་བྱ་རྒྱུའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ལུ་ཧན་ཛིཀ་མངའ་ཁུལ་གྱི་སྤྱི་ཁྱབ་སར་ཧི་ཧ་ཡེ་དྷས་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་སེ་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ཕྱི་ལོགས་སུ་བསླེབས་འདུག ཁོ་ཚོས་ལི་སི་ཆན་སི་ཀི་ཕྱོགས་སུ་དཔུང་འཇུག་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུས་མེ་སྒྱོགས་བརྒྱབ་ནས་མི་གཉིས་བསད་པ་དང་མི་ལྔར་རྨས་སྐྱོན་ཕོག་སོང་ཞེས་བཤད། ཨུ་རུ་སུའི་དམག་གིས་སེ་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་མཐའ་བསྐོར་ནས་ལེན་མ་ཐུབ་པའི་སྟབས་ཀྱིས་གྲོང་ཁྱེར་དེའི་བྱང་ཤར་དང་ལྷོ་ཤར་ཕྱོགས་སུ་དམག་དཔུང་ཁ་སྣོན་བཏང་ནས་དྲག་རྒོལ་བྱེད་ཀྱི་འདུག་ཅེས་བསྟན། སེ་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ནི་ཨུ་རུ་སུའི་ལྷོ་ཕྱོགས་ས་མཚམས་ནས་སྤྱི་ལེ་༡༤༣་གྱི་མཚམས་སུ་ཆགས་ཡོད་པས་འདས་པའི་ཉིན་ཤས་ཤིག་ནས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་གིས་འཐབ་འཁྲུག་རྒྱག་ས་གཙོ་བོ་དེར་གྱུར། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་ཧྥ་རན་སིའི་བརྙན་འཕྲིན་ལས་ཁང་ཞིག་ལ་ཡུཀ་རེན་ཤར་ཕྱོགས་ཀྱི་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་ས་གནས་གཉིས་ང་ཚོས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡུཀ་རེན་གྱི་ས་གནས་གཞན་ཁག་ལའང་ཨུ་རུ་སུར་འབྲེལ་བ་དམ་ཟབ་འཛིན་དུ་འཇུག་དགོས་ཞེས་ཡུཀ་རེན་གྱི་ཤར་ཕྱོགས་མཐའ་མཚམས་སུ་ཆགས་ཡོད་པའི་ས་གནས་ཁག་ལ་ཟིང་འཁྲུག་སློང་རྒྱུའི་རྣམ་འགྱུར་བསྟན།།

ཕྱི་ཟླ་༥་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་འདིའི་དམག་གི་སྟོབས་ཤུགས་ཨང་གཉིས་པ་ཨུ་རུ་སུར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕམ་ཉེས་འབྱུང་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཨུ་རུ་སུའི་གཞུང་འཛིན་ལམ་ལུགས་སྲིད་དབང་གཅིག་སྡུད་དང་གཡོ་ཁྲམ། ལྐོག་ཟ་རུལ་སུངས་དང་གཞུང་རྒྱུ་ཧམ་ཟ་བཅས་བཅོས་ཐབས་མེད་པའི་ནད་ངན་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་ཐུག་འདུག ཕུ་ཊིན་གྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཞིག་ལ་བཙན་འཛུལ་བྱས་ནས་བཙན་དབང་རིང་ལུགས་ཀྱི་ཉེས་སྐྱོན་དང་ལྐོག་ཟ་རུལ་སུངས་ཀྱི་རྣམ་པ་གསལ་སྟོན་བྱས་པ་རེད། ཡུཀ་རེན་གྱི་རྒྱལ་ཡོངས་ལྐོག་ཟ་སྔོན་འགོག་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་དམག་འཁྲུག་གི་འགྲོ་གྲོན་ལྐོག་ཟ་བྱས་པར་བཀའ་དྲིན་ཆེ། ང་ཚོས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུ་སྟབས་བདེ་རུ་བཏང་སོང་ཞེས་ཟུར་ཟ་བྱས་ཤིང་། རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་ཞིབ་འཇུག་ཚོགས་པས་ཨུ་རུ་སུའི་སྲིད་གཞུང་ནི་རྐུན་ཇག་གི་སྲིད་གཞུང་ཞིག་རེད། ཕུ་ཊིན་ལ་ལོ་ལྟར་གླ་ཕོགས་ཨ་སྒོར་འབུམ་༡་དང་ཁྲི་ཚོ་༤་ལས་མེད་ཀྱང་ཨ་སྒོར་ཐེར་འབུམ་༢༠༠་ཡོད་པའི་འཛམ་གླིང་གི་འབྱོར་ལྡན་པ་ཨང་གཉིས་པ་རེད། ཕུ་ཊིན་གྱི་གོང་དེར་ཨ་རི་བ་ཨེ་ལོན་མ་སི་ཀི་མ་གཏོགས་མི་འདུག ཨུ་རུ་སུའི་ཕྱུག་བདག་ཚོས་ཕུ་ཊིན་ལ་ཨ་སྒོར་དུང་ཕྱུར་མང་པོ་ལྐོག་མ་བརྫངས། ཁོ་པར་ལྷའི་གཞལ་ཡས་ཁང་ལྟ་བུའི་ཕོ་བྲང་འཛུགས་སྐྲུན་བྱས་པ་དང་ཕུ་ཊིན་གྱིས་ཕྱུག་བདག་དེ་ཚོར་ཨུ་རུ་སུའི་བཟོ་གྲྭ་ཁག་བཙོངས་ཏེ་ཚོང་ལས་ཀྱི་གོ་སྐབས་སྤྲད། ཕུ་ཊིན་ལ་དངུལ་སྒོར་ལྐོག་མ་མི་རྫོང་བའི་ཨུ་རུ་སུའི་འབྱོར་ལྡན་པ་ཚོའི་བཟོ་གྲྭ་དང་དངུལ་ཁང་སོགས་གཞུང་བཞེས་བཏང་ནས་བདག་པོ་རྣམས་བཙོན་འཇུག ཕུ་ཊིན་གྱི་སྒེར་དངུལ་དེ་རྣམས་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་བཅོལ་བའམ། ཡང་ན་ཕྱི་རྒྱལ་གྱི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུའི་དམག་གི་འགྲོ་གྲོན་ལྐོག་ཟ་བྱེད་ཀྱི་ཡོད་པ་ནི་ཚབས་ཆེན་ཞིག་ཡིན་ཞིང་། དཔེར་ན་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ཨ་སྒོར་ས་ཡ་༡༨་ཀྱི་ཁང་ཆེན་ཞིག་འཛུགས་སྐྲུན་བྱས་འདུག་པར་མ་ཟད། ཁོང་གི་བུ་ཕྲུག་རྣམས་ཀྱང་ཚོང་པ་འབྱོར་ལྡན་པར་གྱུར། དམག་གི་ཟླ་ཕོགས་ཤིག་ལ་བརྟེན་ནས་རྒྱལ་སྲུང་བློན་ཆེན་ཤོ་གུས་ཁང་ཆེན་འཛུགས་སྐྲུན་དང་བུ་ཕྲུག་ཚོ་འབྱོར་ལྡན་པར་ཇི་ལྟར་འགྱུར་ཐུབ་ཀྱི་རེད་ཅེས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་དོགས་སློང་བྱས་འདུག ཨུ་རུ་སུའི་དམག་གི་བཟའ་ཆས་དང་ཁང་པ་ནི་བཙོན་ཁང་དང་བཙོན་ཟས་ལས་ཀྱང་ཐབས་སྐྱོ་བ་ར་འཕྲོད། ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་བཏང་བའི་ཨུ་རུ་སུའི་དམག་གི་བཟའ་ཆས་རྣམས་ལོ་མང་སྔོན་ནས་དུས་ཚོད་ཡོལ་ཟིན་པ་རྣམས་ཡིན་ཞིང་། ༡༩༩༠་ཐམ་པ་ནས་༡༩༩༦་བར་དུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་བཟུང་བའི་ཕྱི་སྲིད་བློན་ཆེན་ཟུར་པ་ཨན་ཌི་རེ་ཀོ་ཛི་རེབ་ཀྱིས་ལྐོག་ཟ་རུལ་སུངས་ཀྱིས་ཨུ་རུ་སུའི་དམག་དཔུང་རྣམས་ཕྱི་ནས་བལྟས་ན་རྫིག་པོ་ཡོད་པའི་གཟི་བརྗིད་ཁོག་སྟོང་ཞིག་ཏུ་བསྒྱུར་བ་རེད། འདས་པའི་ལོ་༢༠་ཐམ་པའི་རིང་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་དཔུང་དེང་རབས་ཅན་དུ་སྒྱུར་གྱི་ཡོད་ཅེས་འགྲོ་གྲོན་བཏང་མོད། འོན་ཀྱང་དམག་དོན་འགྲོ་གྲོན་མང་ཆེ་བ་ནི་ཕུ་ཊིན་གཙོས་ཨུ་རུ་སུའི་འགོ་ཁྲིད་ཉུང་ཤས་ཤིག་གིས་ལོངས་སུ་སྤྱད་ནས་ཨ་སྒོར་དུང་ཕྱུར་མང་པོའི་སྒེར་གྲུ་ཉོས། ཡུ་རོབ་རྒྱལ་ཁབ་ཁག་གི་མཚོ་ཁ་དང་སྤྲོ་གསེང་ས་ཁུལ་སོགས་གནམ་གཤིས་དྲོད་གྲང་སྙོམས་ས་དང་མཛེས་ལྗོངས་ཁག་ཏུ་ཁང་པ་ཉོས་ནས་མ་རྩ་བཙུགས་ཡོད་པ་རེད་ཅེས་ཐེར་འདོན་བྱས་འདུག ཉམས་ཞིབ་པ་མང་ཆེ་བས་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་ཇུས་ཉེས་འབྱུང་བ་དང་ཕར་རྒོལ་གྱི་འདུན་པ་ཉམས། ཨུ་རུ་སུའི་དམག་མི་ཁག་ཅིག་གིས་ཡུཀ་རེན་ལ་མགོ་སྒུར་ནས་འཐབ་འཁྲུག་རྒྱག་གི་མེད་པ་དང་དམག་མི་ཁག་ཅིག་གིས་རང་གི་མཚོན་ཆ་བཅག་ནས་འཐབ་འཁྲུག་རྒྱག་མི་ཐུབ་པ་ཞིག་ཏུ་སྒྱུར་གྱི་ཡོད་པར་ཁག་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG