ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨུ་རུ་སུའི་གྲོས་ཚོགས་ཀྱིས་དམག་ཞབས་ལོ་ཚད་༦༥་བར་དུ་ཡར་སྤར།


༄༅།། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་སྟེ་དམག་དཔུང་ཁ་སྣོན་མེད་པའི་དཀའ་ངལ་འཕྲད། ཨུ་རུ་སུའི་དམག་གྲངས་མང་དུ་གཏོང་བར་སྐྱེས་པ་ལོ་ན་༡༨་ནས་༦༥་བར་དུ་སོན་པ་རྣམས་དམག་ཁོངས་སུ་ཞུགས་ཆོག་པའི་ལོ་ཚད་སྤར། ཕྱི་ཟླ་༥་པའི་ཚེས་༢༦་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ཉིན་དེར་ཨུ་རུ་སུའི་གྲོས་ཚོགས་འོག་མ་དྷུ་མའི་འཐུས་མི་ཚོས་སྐྱེས་པ་ལོ་ན་༡༨་ནས་༦༥་བར་དུ་སོན་པ་ཚོས་གན་རྒྱ་བཞག་སྟེ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཆོག་ཅེས་གྲོས་ཆོད་བཞག ད་སྔ་ཨུ་རུ་སུའི་དམག་ཞབས་ལོ་ཚད་ནི་ཕོ་ལོ་༡༨་ནས་༤༠་ཐམ་པ་དང་ཕྱི་རྒྱལ་བ་རྣམས་ལོ་༡༨་ནས་༣༠་ཐམ་པའི་བར་དུ་ཡིན་ཞིང་། ད་ནས་ཨུ་རུ་སུའི་སྤྱི་དམངས་དང་ཕྱི་རྒྱལ་བ་གཉིས་ལ་ཁྱད་པར་མེད་པར་ལོ་༡༨་ནས་༦༥་བར་དུ་སོན་པ་ཚོས་གན་རྒྱ་བཞག་སྟེ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱུང་འདུག ཨུ་རུ་སུའི་གྲོས་ཚོགས་སུ་དམག་ཞབས་ལོ་ཚད་སྤར་རྒྱུའི་ཁྲིམས་གཞི་མཚམས་སྦྱོར་བ་གྲོས་ཚོགས་འཐུས་མི་ཨན་ཌི་རེ་ཀར་ཏ་པོ་ལོབ་དང་ཨན་ཌི་རེ་ཀ་ར་སོབ་གཉིས་ཀས་དམག་ཞབས་ཀྱི་ལོ་ཚད་སྤར་ན་ཨུ་རུ་སུར་དམག་མི་ཉམས་མྱོང་ཅན་དང་འཐབ་རྩལ་ཅན། དམག་གི་སྨན་པ་དང་སྨན་ཞབས་པ། བཟོ་རྩལ་བ་རྣམས་དམག་ཁོངས་སུ་བསྡུ་ཐུབ་པའི་ཕན་ཐོགས་ཡོང་ས་རེད་ཅེས་བཀྲལ། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དེ་དག་གི་འགྲེལ་བཤད་རྒྱག་སྟངས་ལ་མཉན་ཚེ། དེང་སྐབས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་དམག་མི་ཉམས་མྱོང་ཅན་དང་འཐབ་རྩལ་ཅན། དམག་གི་སྨན་པ་དང་བཟོ་རྩལ་བ་སོགས་དམིགས་བསལ་ཀྱི་སྦྱོང་བརྡར་ཐོབ་པའི་དམག་དཔུང་འདང་ངེས་མེད་པ་ར་འཕྲོད། ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་མི་༡༣༥༡་ལ་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན་ཕོག་སོང་ཞེས་ཁྱབ་བསྒྲགས་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གྱི་གཞུང་འབྲེལ་གཞི་གྲངས་ཤིག་ཕྱིར་བསྒྲགས་མ་བྱུང་།།

གཟའ་ཕུར་བུའི་ཕྱི་དྲོར་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གསུམ་གྱི་རིང་དེར་ཕུ་ཊིན་གྱི་དམིགས་ཡུལ་མ་གྲུབ། ཕྱི་ཟླ་༢་པའི་ཚེས་༢༤་ནས་ཁ་སང་ཕྱི་ཟླ་༥་པའི་ཚེས་༢༦་བར་དུ་ཨུ་རུ་སུའི་དམག་སྤྱི་༡༣་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་དམག་མི་༣༠༠༠༠་ཡས་མས་ཤིག་བསད་པ་ཡིན་ཞེས་བསྒྲགས། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཉུང་མཐར་ཡང་ཨུ་རུ་སུའི་དམིག་མི་༡༥༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་༡༠༠༠་ཡས་མས་ཤིག་ལ་གཏོར་སྐྱོན་ཕོག་སྟེ་བཟོ་བཅོས་རྒྱག་མི་ཐུབ་པར་གྱུར་འདུག ཨུ་རུ་སུའི་མེ་སྒྱོགས་༣༥༠་ལྷག་དང་དམག་འཐབ་གནམ་གྲུ་༤༠་ཡས་མས། དམག་གི་ཐད་འཕུར་གནམ་གྲུ་༥༠་ལྷག་རྩ་གཏོར་བཏང་ཞིང་། ཨུ་རུ་སུའི་དམག་ལའང་བསད་རྨས་བྱུང་བའི་གྲངས་འབོར་ཉུང་ཉུང་མ་རེད། ཕྱི་ཟླ་༢་པའི་ཚེས་༢༤་ནས་བཟུང་སྟེ་ཉིན་ལྟར་ཨུ་རུ་སུའི་དམག་མི་ཚོར་འཆི་རྨས་འཕོག་གི་ཡོད་མོད། འོན་ཀྱང་ད་དུང་ཡང་ཨུ་རུ་སུར་མཚོན་ཆ་དང་དམག་དཔུང་སོགས་ལག་མི་ཐོགས་པ་ཞིག་འདུག ད་ལོ་ཨུ་རུ་སུའི་རྒྱང་འཕེན་འཕུར་མདེལ་དང་འབེན་ཕོག་འཕུར་མདེལ་མང་པོ་ཞིག་འཕངས་ཟིན་ཡོད་པས་འཕུར་མདེལ་དེ་རྣམས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བསྒྲགས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཚོད་དཔག་མ་བྱས་ཀྱང་ཨུ་རུ་སུར་ཡུཀ་རེན་གྱི་ས་ཐོག་ཏུ་སྟོང་སྡེ་༡༡༠་འདུག་ཅེས་གནས་ཚུལ་སྤེལ།།

ན་ནིང་ཕྱི་ཟླ་༡༠་པ་ཡས་མས་ནས་ཨུ་རུ་སུའི་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་ཡུཀ་རེན་གྱི་བྱང་ཕྱོགས་དང་ཤར་ཕྱོགས། ལྷོ་ཕྱོགས་དང་བྷེ་ལོ་སུ་སིའི་ས་ཐོག་བཅས་ཕྱོགས་གསུམ་ནས་ཡུཀ་རེན་མཐའ་བསྐོར་ཏེ་དཔུང་འཇུག་བྱ་རྒྱུ་མགོ་བརྩམས། ད་ལྟ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུར་ཡུཀ་རེན་གྱི་ས་ཐོག་ཏུ་སྟོང་སྡེ་༡༡༠་འདུག་ཟེར་བར་རྩིས་བརྒྱབ་ན་ཨུ་རུ་སུའི་དམག་མི་ཁྲི་ཚོ་༤་ལྷག་ཉུང་དུ་ཕྱིན་པ་ཤེས་ཐུབ། ཇཱོན་ཀིར་བྷིས་མུ་མཐུད་དུ་གསར་འགོ་པ་ཚོར་བཤད་པ་ལྟར་ན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་མི་དང་མཚོན་ཆ། དཔལ་འབྱོར་གྱི་འགྲོ་གྲོན་ཆེན་པོ་བཏང་རུང་ཨུ་རུ་སུར་རྒྱལ་ཁ་གང་ཡང་ཐོབ་མི་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ཁུལ་དུ་ས་ཆ་རྒྱ་ཆེན་པོ་ཞིག་ཀྱང་ལེན་ཐུབ་ཀྱི་མི་འདུག་ཅེས་བསྟན། ཡིན་ནའང་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ང་ཚོས་ཡུཀ་རེན་གྱི་ཞི་བའི་མི་མང་དཀྱུས་མ་ཚོའི་ཚེ་སྲོག་ལ་འཛེམས་ནས་དམག་འཁྲུག་མྱུར་སྟབས་ཀྱིས་རྒྱག་གི་མེད། ཨུ་རུ་སུའི་དམག་གིས་མི་ཆོས་རིང་ལུགས་ཀྱི་ཀུན་སློང་བཅངས་ཏེ་མེ་འཕེན་མཚམས་འཇོག་བྱས་ནས་ཡུཀ་རེན་གྱི་མི་མང་རྣམས་ཉེན་གཡོལ་ལ་ཐེངས་འགའ་ཞིག་འགྲོ་རུ་བཅུག་པ་ཡིན། དེར་བརྟེན་དཔུང་འཇུག་གི་མྱུར་ཚད་དེ་དལ་པོ་ལོས་ཡིན་ཞེས་ཨུ་རུ་སུའི་དམག་ལ་རྒྱལ་ཁ་ཐོབ་ཀྱི་མེད་པའི་རྒྱུ་མཚན་བགྲངས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱི་སྐ་ཆ་དེར་ཁྲེལ་དགོད་བྱས་ནས་ཟླ་བ་གསུམ་གྱི་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག་གི་ནག་ཉེས་བསགས། ཟླ་བ་གསུམ་གྱི་ཇུས་ཉེས་ལ་ལན་ཁག་དཀྲི་ས་འདི་ལས་མེད་པ་རེད་དམ་ཞེས་དྲིས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེ་པ་ཊི་རུ་ཤེབ་ཀྱིས་ང་ཚོས་དུས་བཀག་བྱས་ནས་དམག་འཁྲུག་རྒྱག་གི་མེད། ཨུ་རུ་སུས་ཡུན་རིང་གི་དམག་དོན་འཐབ་ཇུས་ཤིག་འཛིན་གྱི་ཡོད་ཅེས་ཚགས་པར་ཞིག་གི་བཅར་འདྲིའི་སྐབས་སུ་དེ་ལྟར་བཤད།།

ཕྱི་ཟླ་༥་པའི་ཚེས་༢༦་ཉིན་ཡུ་རོབ་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཨུ་རུ་སུའི་དམག་གིས་T-62་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རྣམས་གོ་མཛོད་ནས་བཏོན་ཏེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་འདུག T-62་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རྣམས་ལོ་༥༠་ལྷག་གི་རྙིང་པ་རེད། ཨུ་རུ་སུར་ལྕགས་འཁོར་ལོ་གསར་པ་མེད་པ་འདྲ་ཞེས་ཡུཀ་རེན་གྱི་ནང་སྲིད་ལྷན་ཁང་གི་སློབ་སྟོན་པ་ཝིཀ་ཊོར་ཨན་ཌི་རུ་སིབ་ཀྱི་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཤིང་། T-62་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ནི་༡༩༦༡་ལོའི་ཕྱི་ཟླ་༧་པར་ཨུ་རུ་སུ་དམར་ཤོག་གི་དམག་ལ་བཀྲམ། ལྕགས་ཁྲབ་འཁོར་ལོ་དེ་སྤུས་དག་ཅིག་ཡིན་པས་འཛམ་གླིང་རྒྱལ་ཁབ་༢༠་ཡས་མས་ཤིག་གིས་སྔར་བཞིན་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་T-62་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རྣམས་རྙིང་དྲགས་ཏེ་དམག་སར་འཁྱོལ་མི་ཐུབ་པར་ལམ་ཐོག་ཏུ་ཆག་སྲིད་པའི་དོགས་སློང་བྱས་འདུག ཡུཀ་རེན་གྱིས་ཏུར་ཀི་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་དང་རང་བཟོའི་འཕུར་གྲུ། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རོགས་རམ་སྤྲད་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་ཁག་གིས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་དམག་གི་མཚོན་ལྡན་འཐབ་འཁོར། ཨུ་རུ་སུའི་དམག་གི་སྐུང་ཡུལ་ཁག་ལ་གནམ་ནས་གཏོར་རྒོལ་བྱས་ཏེ་འབྲོ་ས་དང་ཐར་ས་མེད་པར་འགྱུར་གྱི་ཡོད་པའི་བརྙན་གཟུགས་རྣམས་དངོས་སུ་མཐོང་རྒྱུ་ཡོད་པར་མ་ཟད། ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་དམག་གི་མཚོན་ལྡན་འཐབ་འཁོར་མང་དག་ཅིག་ལ་ཡུཀ་རེན་གྱི་བཟོ་རྩལ་བ་ཚོས་བཟོ་བཅོས་བརྒྱབ་ནས་བསྐྱར་དུ་བཀོལ་སྤྱོད་བྱེད་ཐུབ། ཨུ་རུ་སུའི་བྲོས་དམག་གིས་ཤུལ་དུ་བསྐྱུར་བའི་མདེའུ་དང་མཚོན་ཆ་སོགས་ཀྱིས་ཡུཀ་རེན་གྱི་དམག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཕུར་བུའི་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ནས་ཡུཀ་རེན་གྱིས་ཨུ་རུ་སུར་ས་ཆ་སྤྲོད་དགོས། ཁོ་ཚོས་མགོ་སྒུར་ནས་དམག་འཁྲུག་མཚམས་བཞག་ན་དགེ་མཚན་ཆེ། ཨུ་ཡུ་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་འཕྲོ་སྐྱོང་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ཡིན་ནའང་ཡུཀ་རེན་གྱིས་ཐུན་མོང་གི་འབབ་ས་ཞིག་འཚོལ་གྱི་མི་འདུག ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་ཟིན་པའི་ས་ཆ་རྣམས་ཡུཀ་རེན་ལ་ཕྱིར་སློག་བྱ་དགོས་ཟེར་གྱི་འདུག དེ་ནི་དོན་དངོས་ལ་མི་འཚམས་པ་ཞིག་རེད་ཅེས་བཤད། གཟའ་འཁོར་འདིར་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་དྷ་ཝོ་སི་ས་གནས་སུ་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཚོགས་ཆེན་ཐོག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་གྱིས་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དགོས་འདུན་བསྐངས་ནས་ས་ཆ་སྤྲོད་དགོས། ཨུ་རུ་སུ་དང་ཡུཀ་རེན་གྱིས་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོར་ས་ཆ་ཕར་སྤྲོད་བྱ་དགོས་ཞེས་སློབ་སྟོན་བྱེད་ཀྱི་ཡོད་པའི་རླབས་ཆེན་གྱི་ས་ཁམས་ཆབ་སྲིད་པ་ཚོས་མི་མང་དཀྱུས་མ་དང་ཡུཀ་རེན་གྱི་མི་དམངས་རྣམས་དངོས་སུ་མ་མཐོང་བས་རེད། མི་གྲངས་ས་ཡ་མང་པོ་འཚོ་གནས་བྱ་ཡུལ་གྱི་ས་ཆ་ཕར་སྤྲད་ནས་འཁྲུལ་སྣང་གི་ཞི་བདེ་ཞིག་ལ་བརྗེ་དགོས་ཟེར་བ་ནི་ཁྱད་མཚར་རེད། ཁྱོད་ཚོས་མི་དམངས་དཀྱུས་མ་དེ་ཚོར་ངེས་པར་དུ་མིག་གིས་བལྟ་དགོས། ཕུ་ཊིན་ལ་ས་ཆ་སྤྲོད་ཟེར་བ་ནི་༡༩༣༨་ལོར་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱིས་འཇར་མན་ན་ཛིའི་གཞུང་གི་སྲིད་དབང་སྒེར་གཅོད་པ་ཧི་ཐེ་ལེར་ཆེཀ་སི་ལ་ཝ་ཀི་ཡ་སྤྲད་ནས་ངོ་བསྲུངས་པ་དང་གཅིག་མཚུངས་རེད། ཧི་ཐེ་ལེར་ས་ཆ་སྤྲད་པའི་རྗེས་སུ་འཛམ་གླིང་དམག་གཉིས་པ་ལངས་པ་རེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG